དེ་རིང་སྤྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཟླ་གསུམ་པའི་ཚེས་བཅུ་གཉིས་རེད ། གནམ་ངོ་ན་སྤྲིན་མེད་ན་ཡང་ ། བར་སྣང་ལ་རྡུལ་གྱིས་ཁེངས་ཡོད་པས ། རླུང་བུ་འདི་འཇམ་ཡང་། གློ་བར་ཕོག་སོང་། ཉི་འོད་འདི་དྲོ་ཡང་། བཀྲག་མདངས་ཡལ་འདུག
དེ་རིང་གཏམ་ངན་པ་སྙིང་རྩ་འདར་ནི་ཞིག་དང་། ཚིག་རྩུབ་མོ་རྣ་ཅོག་འོན་ནི་ཞིག་གོ་སོང་། དེ་ཕྱི་རོལ་དང་ནང་རོལ་ཀུན་ན་རླུང་ལྟར་གྲགས་ཀྱིན་འདུག མེ་ལྟར་གླེང་གིན་གདའ་།
གཏན་ངན་པ་དེ་མེ་སྟག་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ཡིས་ནགས་ཀློང་ཆེན་པོ་ཞིག་ཧོལ་གྱིས་མེ་ལ་སྦར་སོང་ །
གཏན་ངན་པ་དེ་རྩ་གཏུབས་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་། དེ་ཡིས་གསོན་པོ་སྟོང་ཕྲག་མང་པོའི་མགོ་བོ་ཤར་རེ་གཏུབས་སོང་།
གཏན་ངན་པ་དེ་འགབ་རྫས་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་། དེ་ཡིས་རི་བོ་ཆེན་པོ་ཞིག་ཐོལ་གྱིས་བཀབ་སོང་།
གཏན་ངན་པ་དེ་མུན་པ་ནག་པོ་ཞིག་ཡིན་པའི་དབང་དུ་བཏང་ན་། དེ་ཡིས་འོད་སྣང་གི་འཚོ་བ་ཞིག་ཧྲིལ་གྱིས་བསྒྲིབས་སོང་།
གཏན་ངན་པ་དེ་སྤྱང་ཀི་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་། དེ་ཡིས་རྩ་ཐང་གི་ལུག་ཁྱུ་མང་པོ་ཁྱུར་མིད་བཏང་སོང་།
གཏན་ངན་པ་དེ་འཇིགས་སྐུལ་བ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན་། དེ་ཡིས་ཚོགས་ཀྱི་ཀློང་ལ་འགབ་རྫས་གཡུགས་ཏེ་མང་གི་གཅེས་སྲོག་བཀུམས་སོང་།
གཏན་ངན་དེ་ཡིས་ད་དུང་སོས་མེད་པའི་ངའི་བྲང་ཁོག་གི་རྨ་ཁ་རྙིང་བ་དེར་གྲི་ཡིས་བསྣུམས་བསྣུམས་དང་མདུང་གིས་གཙགས་གཙགས་བྱས་སོང་། རྨ་ཁ་རྐྱང་རྐྱང་གིས་ཁེངས་བའི་ཕྱིར་དྲན་དེ་། ཐ་ན་དྲན་པ་ཙམ་གྱིས་སྐྱི་གཡའ་བའི་ཕྱིར་དྲན་དེ་། ངའི་སེམས་ཀྱི་རྨ་ཁ་རྙིང་བ་དེ་ཡི་ལག་དམར་དེ་ཡིན་ལ་། སྤྱི་ལོ་ཉིས་སྟོང་བཅུའི་ལོར་ངའི་ཕ་ཡུལ་ཡུལ་ཤུལ་ལ་ས་ཡོན་དང་འབྲུག་ཆུ་ལ་ས་རིད་ཀྱིས་གསོན་ཐང་ཐང་གི་གཅེས་སྲོག་ཁྲི་མ་འབུམ་བཅོམ་པའི་རྨ་ཁ་ཟབ་མོ་དེ་ཡང་ཡིན།
གཏན་ངན་དེ་ཡིས་སེམས་པ་འདི་དེ་ལྟར་གཙེས་སོང་། དེ་ལྟར་འཚེ་སོང་། དེ་ལྟར་གཟེར་སོང་། དཔེར་ན་། ཤིང་གཞོག་གཞོག་དང་རྩ་གཏུབས་གཏུབས་བྱས་སོང་། ཞིང་འབྲེག་འབྲེག་དང་བལ་གསེད་གསེད་བྱས་སོང་། མདོར་ན་། གཏན་ངན་པ་དེ་མེ་ཤོར་ཤོར་ལྟར་སེམས་པ་འདི་ཚ་བེར་བེར་ཡང་བཏང་སོང་། ཆབས་ཅིག་གོ་དོན་གསར་བ་ཞིག་ཀྱང་སེམས་ལ་ཐོལ་ཐོལ་ཏུ་འཛུལ་འོངས། དེ་ཆེས་དོན་སྙིང་་གིས་གཏམས་པའི་སློབ་མཐུན་ཞིག་དང་འདྲ་།
འོ་ན་། གཏན་ངན་དེ་ཅི་ཞིག དེ་ནི་ཁ་སང་ཕྱི་དྲོ་ཆུ་ཚོད་<ས་གནས>་གཉིས་དང་སྐད་མ་བཞི་བཅུ་ཡི་སྟེང་ཉིན་ཧོང་གི་ས་ཆ་སེ་ཏན་ལ་ས་ཡོམ་གྱི་ཆག་སྒོ་དང་མཚོ་འཁྱོམས་ཀྱི་གནོད་འཚེ ། རྡུལ་ཕྲན་གྱི་གོས་སྐྱོན་གྱིས་གསོན་པོ་ཁྲི་མ་འབུམ་གྱི་གཅེས་སྲོག་དང་མཛེས་སྡུག་ཁྲག་ཁྲུག་དུ་མ་གློ་རྡེག་ལ་རྨེག་མེད་དུ་བརྫངས་ཏེ་། ཡུམ་ཆེན་འདྲ་བའི་ས་ཆེན་པོ་སྐྱ་ཉིལ་ལེ། ལེབ་ཉ་སེ། ནག་རོག་གར། ཕྱིར་ལོག་སེ་བཏང་སོང་བའི་གཏན་ངན་པ་དེ་རེད།
གཏན་ངན་པ་དེ་ཡི་རྒྱབ་ལྗོངས་ནག་འཐིབ་བེ། སྨག་རྫོབས་སེ། བགྲོད་ནུས་མཁན་ཕར་ཞོག ཐ་ན་བློ་ཡི་ཡུལ་ལ་བསམ་ཡང་ཕོད་དཀའ་། དེ་ན་ཁྲག་དྲོན་གྱི་ཆར་བ་འབབ་ཀྱིན་འདུག་ལ་། ཀེང་རུས་ཀྱི་ལྷུན་པོ་སྐྱེས་ཀྱིན་གདའ་། དེ་ན་ངུ་ངག་གི་རླུང་དནར་འཚུབ་ཀྱིན་མཆིས་ལ། འོ་དོད་ཀྱིས་འཚང་ཁ་རྒྱག་གིན་འདུག དེ་ལ་རང་བྱུང་གི་གནོད་འཚེ་ཟེར། ཡུམ་ཆེན་ལྟ་བའི་ས་ཆེན་འདི་སྟེང་ནས་དེ་འདྲའི་གནོད་འཚེ་ཇི་འདྲའི་མང་པོ་ཞིག་བྱུང་མྱོང་ཨང་།
ས་དཔྱད་རིག་པས་བཤད་ན། ས་ཡོམ་རི་ཉིལ། མཚོ་འཁྱོམས་མེ་རི། དྲག་རླུང་དྲག་ཆར་གྱི་སྣང་ཚུལ་ཡོད་པས། ད་གཟོད་ཡུམ་ཆེན་ལྟ་བུ་ས་ཆེན་འདིའི་སྟེང་ལ་རྔམ་བརྗིད་ཀྱི་བྲག་རི་དང་། ཡིད་དུ་འོང་བའི་སྤང་རི། ནགས་སུ་གནས་བའི་ནགས་རི། དགུང་ལ་སྙེག་པའི་རྫ་རི། དུང་ལྟར་དཀར་བའི་གངས་རི། ད་དུང་མཐས་ཡས་བའི་རྩ་ཐང་དང་ཐང་ཆེན་། བྱེ་ཐང་། ཤག་ཤག་བཞུར་བའི་ཆུ་ཕྲན་དང་ཆལ་ཆིལ་འབབ་པའི་རྦབ་ཆུ། ལྷབ་ལྷུབ་རྒྱུགས་པའི་གཙང་བོ་སོགས་རང་བྱུང་གི་མཛེས་སྡུག་ལ་མཐོང་བ་དེ་དག་བྱུང་བ་བརྗོད་དེ་། དེ་ཡི་དགེ་མཚན་གྱི་ཕྱོགས་ནས་ཀེར་རེར་ལངས། སེམས་ཁམས་རིག་པས་བཤད་ན། གོད་ཆག་གིས་ད་གཟོད་མི་ཡི་སེམས་ཀྱི་སྤུས་ཀ་མཐོ་ལ་ཕྱོགས་པའི་སྐུལ་མ་བྱེད་པར་ཁས་འཆེས་ཡོད་པར་བརྗོད་དེ། དེ་ཡང་བདེན་ཆོག་ཆོག་ཅིག་ཡིན་པར་སྨྲ །དཔལ་འབྱོར་རིག་པས་བཤད་ན། གོད་ཆག་གིས་ད་གཟོད་ཚོང་ལས་ཀྱི་འཕེལ་ཁ་རྒྱས་འགྲོ་བར་བརྗོད་དེ། གོད་ཆག་དེ་ཡང་ཚོང་ལམ་ཞིག་ལ་མཐོང་ནས་བྲེལ་བྲེལ་དང་འཚུབ་འཚུབ་བྱེད།འོན་ཀྱང་། ང་ནི་ས་དཔྱད་རིག་པ་མིན་ལ་ །སེམས་ཁམས་རིག་པ་མིན། དཔལ་འབྱོར་རིག་པ་ཡང་མིན། ང་ནི་བློ་ཡུལ་ལ་བརྩེ་དུང་གིས་གཏོས་བའི་མི་བུ་རང་ག་བ་ཞིག་ཡིན་པས། གཏན་ངན་དེ་ངས་ས་དཔྱད་རིག་པ་དང་དཔལ་འབྱོར་རིག་པ། སེམས་ཁམས་རིག་པ་ལྟ་བུས་རང་བྱུང་གི་སྣང་ཚུལ་ཙམ་ལ་གཡུགས་ཏེ་འཇོག་མ་ནུས་ལ། སེམས་ཀྱིས་ཀྱང་མི་འཇོག་ཁོ་ཐག་རེད་། མ་གཞི་ནས་ང་ལ་ཡོད་པ་ཡང་བརྩེ་དུང་ཁོ་ན་ཡིན་པས། གཏན་ངན་དེ་ཡིས་ངའི་བརྩེ་དུང་གི་མཚོ་མོ་དྲག་ཏུ་འཕྱོ་རུ་བཅུག་ཏེ། དུངས་བ་ཇི་ལྟར་ཆེ་ན་ན་ཟུག་དེ་ལྟར་ཆེ་བའི་ཟེར་སྲོལ་དེ་ལྷང་ལ་འབུད་དུ་བཅུག་སོང་། ངའི་དུངས་ས་ནི་གཅེས་སྲོག་དང་གསོན་པོ། རང་དབང་དང་འཚོ་བ་བཅས་ཡིན།
ངས་གྲོགས་པོ་ལ་འདི་འདྲའི་ཁ་ཆག་སྣ་རལ་ཅིག་བྱུང་དགོས་དོན་ཡང་སྙིང་ཅི་ཡིན་ནམ་ཟེར་རེ་དྲིས་བ་ན། གྲོགས་ཀྱིས”་མི་ཡིས་སྤྱོད་པ་ལོག་ཆེ་བས། རང་བྱུང་གིས་རྒོལ་ལན་སློག་བཞིན་ཡོད་པ་རེད་”ཟེར། སྐབས་དེར་ང་ཁ་ཤར་ལ་གཏད་ཡོད་པའི་སྒེའུ་ཁུང་ཆུང་ཆུང་དེ་ཡི་འགྲན་ན་ཕྱི་རོལ་ལ་ཅེར་ཏེ་འགྲེང་ནས་བསྡད་ནས་ཡོད། ཕྱི་རོལ་ན་སུ་ཞིག་ངུ་བཤུམ་བྱེད་པ་ལྟར་ཆར་བ་ཡང་སིམ་སིམ་ངང་འབབ་ཀྱིན་མཆིས།
No comments:
Post a Comment