Thursday, March 3, 2011

བརྩེ་དུང་ཁྲོད་ཀྱི་མི །

ཉིན་མོ་དེར་།  ཆར་བ་ཇི་ལྟར་བབས་པ་དེ་ད་ལྟ་དྲན་ནམ
ཤག་ཤག་གིས་འབབ   ཆལ་ཆིལ་གྱིས་འབབ
སྙན་ངག་པ་ཞིག་ཡིན་ན་སྐབས་འདི་ནི་མཆོག་གོ””
སྐད་ཆ་དེ་ཁྱོད་ཀྱིས་ད་ལྟ་ཡང་བརྗེད་མེད།  ནམ་ཡང་བརྗེད་མི་སྲིད
ཆར་བ་ལ་ཅེར་བའི་ཁྱོད་དང་མོ
སྐབས་དེར ། ཅི་འདྲའི་ཚོར་བ་ཞིག་སེམས་ན་ལྷོག་ལྷོག་ཏུ་ཁོལ་ཨང

ཉིན་མོ་དེར །  ཁྱོད་ཀྱིས་ཅི་ཡང་བཤད་མ་ཐུབ
འོན་ཀྱང་ །  ཁྱོད་ཀྱིས་ཅི་ཞིག་བཤད་ན་སྙམ་བཞིན་པ་དེ
ཁྱོད་ཀྱི་མིག་ཟུང་བརྒྱུད་དེ་མོ་ཡིས་སྙིང་གིས་གོ་བཞིན་ཡོད
ཉིན་མོ་དེར །  མོས་ཀྱང་ཅི་ཡང་བཤད་མ་ཐུབ
འོན་ཀྱང་།   མོས་ཅི་ཞིག་ལབ་ན་འདོད་བཞིན་པ་དེ
མོ་ཡི་ངོ་གདོང་བརྒྱུད་དེ་ཁྱོད་ཀྱིས་སེམས་པ་དེ་ཡིས་ཚོར་གྱིན་ཡོད
གང་ལྟར་། ཁྱེད་གཉིས་ལ་ཐུན་མོང་གི་སྐད་ཆ་ཤིག་ཡོད་པ་དེ་ནི
ང་ཁྱེད་ལ་དགའ་ཨང་ཟེར་བ་དེ་རེད

ཁྱེད་དང་ཁོ་མོའི་ཁ་མི་གྲག་པའི་ཁ་བརྡ་དེ་ལ
སྙིང་དང་སྙིང་གི་ཁ་གྲག་ཚུལ་སྨྲ་བ་རེད་དམ
སེམས་དང་སེམས་ཀྱི་གླེང་མོལ་བརྗོད་པ་རེད
གང་ལྟར་།  བརྩེ་དུང་ཟེར་ན་དེ་འདྲ་ཡིན་པ་འདྲ

ཉིན་མོ་དེར་།  ཁྱོད་ཀྱིས་སྙན་ངག་མང་པོ་འབྲི་བཞིན་གདའ
སྙན་ངག་ན་ཆར་བ་དང་ལོ་མ་མང་པོ་མཆིས
བརྗོད་བྱ་ཁོ་མོ་རེད་ལ་ཁ་བྱང་ཡང་ཁོ་མོ་རེད
ཉིན་མོ་དེར་ །  མོས་ཀྱང་ཉིན་ཐོ་མང་པོ་འབྲི་བཞིན་འདུག
ཉིན་ཐོ་ན་སྤྲིན་པ་དང་སྐྱེས་ཤིང་མང་པོ་མཐོང
བརྗོད་བྱ་ཁྱོད་རང་རེད་ལ་ཁ་བྱང་ཡང་ཁྱོད་རང་རེད


གང་ནས་ནམ་དུ་ཡང
ཁྱོད་ཀྱིས་མིག་ཟུང་གིས་ཁོ་མོ་ལུག་འཚོ་འཚོ་བྱེད
མོ་ཡིས་མིག་ཟུང་གིས་ཁྱོད་ལ་མདའ་འཕེན་འཕེན་བྱེད
སྙིང་གསེང་ན་འཁྱུག་པའི་ཚོར་བ་དེ་ཅི་ཞིག
དགའ་བ་མ་རེད་ལ་སྐྱོ་བ་ཡང་མ་རེད
དེ་ནི་བརྩེ་དུང་གི་སེམས་པ་དེ་ཡིན་པ་ཐག་གིས་ཆོད

ཁྱོད་ཀྱིས་རང་ཉིད་ཁོ་མོ་ལ་འཕྲད་པ་དེ
རང་ཉིད་ཀྱི་འཛོམས་པ་ལ་ལྟ
མོ་ཡིས་རང་ཉིད་ཁྱོད་ལ་ཐུག་པ་དེ
རང་ཉིད་ཀྱི་ཆ་ཚང་ལ་ལྟ
ཉིན་མོ་དེ་ནས་གྲོགས་པོ་ཚོས་ཁྱོད་རང་འགྱུར་འདུག་ཟེར
ཉིན་མོ་དེ་ནས་གྲོགས་མོ་ཚོས་མོ་ཡང་འགྱུར་འདུག་ཟེར
དེ་སྲོག་རླུང་དང་ཡང་རླུང་གཉིས་རྫས་སྦྱོར་གྱིས་ཆུ་གྲུབ་པ་དང་མཚུངས





No comments:

Post a Comment