Monday, May 2, 2011

༢༠༡༡

༢༠༡༡----ལོ་འདི་ནི་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་སྲིད་ཟུང་འབྲེལ་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཡོངས་སུ་མཇུག་སྒྲིལ་བའི་ལོ་ཚིགས་ཁྱད་པར་ཅན་ཞིག་ཡིན །
ཀླད་ཀྱི་གཏན

 
"བཀའ་བློན་ཁྲི་པ་སུ་རེད"
"བློ་བཟང་སེང་གེ་རེད་"
"གོང་ས་མཆོག"
"བགྲོས་ཡོལ་ཆ་ཚང་ལ་ཕེབས་སོང"
"དགའ་ལྡན་ཕོ་བྲང"
"ཡོངས་སུ་མཇུག་རྫོགས་སོང"
"དེ་ན་ཆོས་སྲིད་ཟུང་འབྲེལ"
"དེ་ཡང་མཇུག་སྒྲིལ་པ་རེད'
ད་ལོར།  འུ་ཚང་ལ་འདི་འདྲའི་དཀྱོགས་མཚམས་ཤིག་དང་འགྱུར་བ་མོད་པའི་དུས་ཚོད་ཅིག་སླེབས་སོང་བས་།  དུས་མཐུན་བབས་བསྟུན་གྱི་བླང་བྱ་ཚུར་རུ་བླངས་ཏེ།  བགྲེང་བྱ་དོན་དྲུག་གི་རིང་ལ་བོད་མི་བདེ་སྡུག་གི་ཆེད་དུ་འཚོ་བའི་གངས་རི་མགོན་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་། " འགྱུར་བ"་ཡིས་གངས་རི་མགོན་པོ་དང་གངས་ཅན་པ་གླེང་བ་ཟེར་བ་དང་། " སྡེ"་གཞན་པས་གངས་རི་མགོན་པོ་དང་གངས་ཅན་པ་གླེང་བ་ཞེས་བའི་སྡེ་ཚན་གཉིས་ཀྱི་སྒོ་ནས་གླེང་བར་བྱ།
དང་པོ། " འགྱུར་བ"་ཡིས་གངས་རིའི་མགོན་པོ་དང་གངས་ཅན་པ་གླེང་བ །
འགྱུར་བ་དང་པོ།
༢༠༡༡----འདི་ལོ་ནི་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་སྲིད་ཟུང་འབྲེལ་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཡོངས་སུ་མཇུག་སྒྲིལ་བའི་ལོ་ཚིགས་ཁྱད་པར་ཅན་ཞིག




རྒྱལ་བོ་བླ་ཆེན་གྱིས་སྲིད་དབང་འཛིན་རྒྱུ་དེ་དུས་ཚོད་རྙིང་པའི་སྐད་ཆ་ཞིག་རེད།  ད་ལྟ་འཛམ་གླིང་འགྲོ་སའི་ལམ་ཁ་དེར་འགྲོ་དགོས་ལ།  མང་གཙོའི་ཐོག་འོས་བླུགས་ཏེ་འགྲོ་རྒྱུ་དེ་ལམ་ཁ་ཡག་ཤོས་དེ་
རེད།    །རྒྱལ་དབང་ལྔ་བ་ནས་ཆོས་སྲིད་ཀྱི་དབུ་ཁྲིད་དེ་ཡོད་བ་ལྟར།  སྐུ་ཕྲེང་གཅིག་གིས་ཆོས་སྲིད་ཀྱི་དབུ་ཁྲིད་ཕྱིར་བསྡུ་བྱས་ན་ཤིན་ཏུ་འོས་བ་རེད།  ཐག་གཅོད་དེ་ང་ལས་སུས་ཀྱང་བྱ་མི་ཐུབ་པས་ངས་ཐག་བཅད་པ་ཡིན།  བསྒྱུར་བཅོས་གཏོང་དགོས་ཀྱིན་ཡོད་པ་རེད་ལ། ད་ལྟ། དུས་དང་བབས་ལ་ཡང་སླེབས་ཡོད་པ་རེད”---{བོད་ཀྱི་དུས་བབས་དྲ་ཚིགས་ནས་༢༠༡༡་༣་༢༡་ཉིན་ལ་གསར་འགོད་པ་དཔལ་ལྡན་གྱིས་འདོན་སྤེལ་བྱས་བའི་<དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་དེ་འཇོག་དགོས་>ཟེར་བའི་གསར་འགྱུར་ལས་དྲངས །}

འདི་ལ་ངས་འུ་ཚང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཞིག་དང་དུས་ཀྱི་འགྱུར་བ་ཞིག། གཞུང་གི་གསར་བརྗེ་ཞིག་ལ་འདོད་བཞིན་ཡོད།
དང་པོ།  ལོ་རྒྱསུ་ཀྱི་དཀྱོགས་མཚམས་ཤིག་ལ་འདོད་དེ །  དགའ་ལྡན་ཕོ་བྲང་གི་སྲིད་དབང་ལོ་རྒྱུས་མཇུག་སྒྲིལ་ཏེ་སྲིད་དབང་ལོ་རྒྱུས་གསར་བ་ཞིག་ལ་སྙེག་པའི་དཀྱོགས་མཚམས་ཤིག
གཉིས།   དུས་ཀྱི་འགྱུར་བ་ཆེན་པོ་ཞིག་ལ་འདོད་དེ།    ཆོས་སྲིད་ཟུང་འབྲེལ་གྱི་རྒན་རབས་པའི་སྲིད་སྐྱོང་ལས་བརྒལ་ཏེ་ན་གཞོན་གསར་བའི་སྲིད་སྐྱོང་ལ་འགྱུར་བའི་དུས་ཀྱི་འགྱུར་བ་ཞིག
གསུམ།  གཞུང་གི་གསར་བརྗེ་ཞིག་ལ་འདོད་དེ།    བླ་མའི་རྒྱུད་འཛིན་སྲིད་སྐྱོང་གི་གཞུང་ལ་གསར་བརྗེ་བྱས་ཏེ་དེང་རབས་སྲིད་སྐྱོང་མང་གཙོ་ལ་ཕྱོགས་པའི་གསར་བརྗེ་བཅས་ལ་འདོད་པ་ཡིན།

དེ་ཡང་ཕུགས་ཀྱི་རྩ་བ་དང་དོན་གྱི་ཕུད་དེ་འགྱུར་བ་རེད། འགྱུར་བ་དེ་ཡང་གསར་བརྗེ་ལ་འདོད་པའི་གསར་བརྗེ་ཡི་སྟེང་ན་གནས་རྐྱེན། གསར་བརྗེ་དེ་ནི་ཇི་ལྟ་བའི་གསར་བརྗེ་ཞིག་རེད་ཅེ་ན།  དེ་ཡི་ཁྱད་ཆོས་དང་ཉེན་ཁ།  ཕན་ཡོན་བཅས་ཀྱིས་སྒོ་ནས་གླེང་བར་བྱ།

དང་པོ་ཁྱད་ཆོས།     ༡---འཛམ་གླིང་གི་གསར་བརྗེ་མང་དག་ཅིག་གི་གསར་བརྗེའི་སྣེ་ཁྲིད་པ་མང་ཚོགས་ཡིན།  མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་སད་དེ་གཞུང་ལ་གསར་བརྗེ་བྱས་པ།
འུ་ཚང་གི་གསར་བརྗེ་འདི་ཡི་སྣེ་ཁྲིད་པ་གོང་གི་རྩ་བའི་བླ་མ་ཡིན། གཞུང་གི་གསར་བརྗེ་བླ་མས་བྱས་ཏེ་ཕྱིར་མང་ཚོགས་ལ་མངོན་པས་ཆེས་ཐོལ་བརྒལ་རང་བཞིན་གྱི་ཁྱད་ཆོས་ལྡན་པ།
༢ --- འཛམ་གླིང་གི་གསར་བརྗེ་མང་དག་ཅིག་གི་ཁ་དོག་དམར་བོ་ཡིན  །འུ་ཚང་གི་གསར་བརྗེ་འདི་ཡི་ཁ་དོག་དཀར་པོ་ཡིན ། ཁ་དོག་དམར་བས་འཚེ་བ་མཚོན །  ཁ་དོག་དཀར་བས་ཞི་བ་མཚོན་པས་འཚེ་མེད་ཞི་བའི་ཁྱད་ཆོས་ལྡན་པ།
༣---ློ་བུར་ཐོལ་རྒྱག་གི་གསར་བརྗེ་ཞིག་མ་ཡིན་པ།  དེ་ཡང་༡༩༦༩ལོར་གསུམ་དུས་གསུང་འཕྲིན་དུ{་བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མིར་ཚོར་བྱུང་བའི་ཉིན། བོད་ཀྱི་སྲིད་དབང་ཇི་འདྲ་ཞིག་འཛུགས་མི་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད།  ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་བ་མེད།  མ་འོང་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཞིང་།  ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན། } ཞེས་བ་ལས་གསར་བརྗེ་འདི་ཕུགས་བསམ་རང་བཞིན་དང་རྒྱབ་ལྗོངས་མོད་པའི་ཁྲད་ཆོས་ལྡན་པ་ལྷང་ངེར་རྟོགས། ---   <༢༠༡༡་༤་༣༠་ཉིན་གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ལས་དྲངས >


གཉིས་པ་ཉེན་ཁ།  འུ་ཚང་གི་གསར་བརྗེ་དེ་ལ་གོང་གི་དེ་ལྟ་བའི་ཁྱད་ཆོས་ལྡན་པ་པ་དང་།  གསར་བརྗེ་འདི་ཁུངས་གཏུགས་ས་དང་མདོ་ལ་སླེབས་ས་དེ་ཡང་ཡང་དག་པའི་མང་གཙོ་ཡིན་རྐྱེན།  གཞུང་གི་གསར་བརྗེ་འདི་དང་མཉམ་དུ་མང་ཚོགས་ཀྱི་མི་རེ་རེ་ནས་དུས་བསྟུན་གྱིས་གསར་བརྗེ་བྱ་དགོས་བ་དེ་ཐོག་མའི་བླང་བྱ་ཡིན་དགོས།  གལ་ཏེ་ དེ་ལྟར་མ་ཡིན་ཚེ། གསར་བརྗེ་འདི་གཞུང་འཛིན་སྐྱོང་གི་གསར་བརྗེ་ཙམ་ལས་གཞན་ཅི་ཡང་ཡིན་མ་སོང་བ་རེད།  གལ་ཏེ་དེ་ལྟར་ཡིན་ཚེ།  དཀའ་ངལ་དང་གནད་དོན་སྔར་བཞིན་ལྷགས་རྒྱུ་ཡིན་དཔེ་ལུང་ཀུན་ལས་ཤིན་ཏུ་གསལ།  རྒྱུ་མཚན་མི་ནི་སྔར་གྱི་མི་དང་མི་ཡིན་པས་རེད།  མ་ཟད་མང་གཙོ་ལམ་ལོག་ལ་འགྲོ་རྒྱུའི་ཉེན་ཁ་ཡང་ཡོད་པ་རེད།  ད་དུང་།  ཞིབ་ཏུ་བསམ་ན་།  དེ་ནི་རྣམ་པ་མི་འདྲ་བའི་དམར་ཕྱོགས་སྒེར་གཅོད་ཀྱི་གཞུང་དང་ཁྱད་པར་ཅི་ཡང་མེད་ཙ་ན།  ཆུ་མ་ཡོང་གོང་གི་རག་ལ་མང་གཙོ་ཡི་གཞུང་ནི་མི་མང་གཞུང་ཡིན་པ།  མི་མང་གི་ཆེད་དུ་ཡིན་པ། མི་མང་གིས་འདེམས་པའི་གཞུང་ཞིག་ཡིན་པ་མི་སྒེར་བྱེ་བྲག་རེ་རེ་ནས་གོ་བར་བྱས་ཏེ་སྤྱི་སྒེར་གཉིས་ལ་འགན་འཁྲི་ཡི་འདུ་ཤེས་དང་སྦྱོར་བ་རྨང་ནས་མ་དོར་བར།  དུས་བབས་མཐུན་པའི་རང་ཉིད་གསར་བརྗེ་ཡི་ལམ་བུ་ལ་མངགས་རྒྱུ་དེ་སྙིང་ཐག་པ་ནས་ཉེན་འགོག་ལ་སྐུལ་བའོ།

གསུམ་པ་ཕན་ཡོན། དོན་སྙིང་གིས་གཏམས་པའི་གསར་བརྗེ་འདི་ཡི་སྔ་གཞུག་གི་བརྒྱུད་རིམ་གང་མང་ཞིག་གི་ཁྲོད་ནས་།  ཆབ་སྲིད་ཀྱི་བསྟན་པ་དར་མ་མྱོང་བའི་གངས་ལྗོངས་ཀྱི་གངས་ཅན་པ་མང་མང་ཞིག་གིས།  རིག་གནས་སྣ་མང་དང་ཆབ་སྲིད་མང་གཙོ་ལ་ཕྱོགས་ཡོད་པའི་ཁ་སང་དེ་རིང་གི་སྤྱི་ཡི་ཚོགས་འདི་ནས།  རིག་གབས་སྣ་མང་གི་གོ་རྟོགས་སད་དེ། ཆབ་སྲིད་མང་སྐྱོང་གི་བློ་བསྐྱེད་བྱུང་སོང་བས།
བོད་གཞིས་བྱེས་གཉིས་ནས་རང་དབང་དང་འདྲ་མཉམ།  ཁེ་དབང་དང་ཐོབ་ཐང་སོགས་འགྲོ་བ་མི་ཡོངས་ཁྱབ་རིན་ཐང་ཐོད་ལ་བཏེགས་ཏེ། སྙིང་ལ་བཅངས་ནས་རང་དབང་དང་འདྲ་མཉམ་སོགས་ལ་དུངས་བའི་ངོ་གདོང་སྟོན་དང་སྟོན་བཞིན་པ་རེད།  དཔེར་ན།  ཉིས་སྟོང་བརྒྱད་ལོའི་ས་བྱིའི་གསར་བརྗེ་ཆེན་མོ་ལྟ་བུ་དང་།  ༢༠༡༡་ལོའི་བཀའ་ཁྲི་འོས་འདེམས་ཀྱི་ཡོ་ལང་ལས་ཀྱང་གསལ་ལྷིང་ངེ་མཐོང་།

དེ་ལས་ཆེས་ཡིད་དུ་འོང་ཞིང་གཟི་བརྗིད་ཆེ་བའི་འགྱུར་བའི་ཕན་ཡོན་དེ་ནི།   དད་པ་ལ་མོས་དགའ་སྤྲོ་གསུམ་དང་དང་དོད་གོམས་ལོབས་སུ་སོང་ཡོད་པའི་གངས་ཅན་པ་ཚོས་།  རང་ཉིད་རང་གིས་འདེམས་པའི་བཀའ་ཁྲི་གཙོའི་གཞུང་ཞབས་མི་སྣ་ལ་དད་པ་དག་སྣང་གིས་རང་ཉིད་ཀྱི་བསམ་བློ་གཞན་ལ་འཇོག་པའི་བསམ་བློའི་ནད་ཡམས་ལས་"ཐར་བ་ཐོབ་པ"འི་འགྱུར་བའི་ཕན་ཡོན་དང་གཅིག
མངོན་སུམ་འཛེམ་མེད་དང་དྲང་བོ་དྲང་ཐུབ་ཀྱིས་གཞུང་མང་གི་སྐྱོན་ཆ་ལ་ཐེར་འདོན་སུན་འབྱིན་དང་ལེགས་ས་ལ་བསྟོད་པ་བསྔགས་བརྗོད་འབུལ་སའི་སྒོ་ཆེ་རུ་དང་སྒེའུ་ཁུང་ཡངས་ལ་སོང་བའི་འགྱུར་བའི་ཕན་ཡོན་དང་གཉིས།
རྒྱ་དནར་གྱིས་བོད་དོན་ནི་གོང་ས་མཆོག་གི་སྒེར་དོན་ལ་སྨྲ་བའི་ལྕེ་བཅད་པའི་འགྱུར་བའི་ཕན་ཡོན་དང་གསུམ།
ཆོས་ཀྱི་གླེགས་བམ་ཕྱག་ལ་བསྣམས་ཏེ་སྲིད་ཀྱི་རྐུབ་སྟེགས་ལ་ཚང་ཏེ་རྩོད་སྒྲུབ་བྱེད་པའི་ཆོས་བརྒྱུད་ཀྱི་ཀླན་ཀ་དང་ཁ་མཆུ་ཟླ་བ་བྲི་བྲི་བྱས་ཏེ་ཡུན་ལ་འཆམ་མཐུན་གྱིས་གནས་ཐུབ་པའི་འགྱུར་བའི་ཕན་པ་དང་བཞི།
རྒྱལ་སྤྱི་མིག་ནང་གི་བཙན་བྱོལ་བོད་མའི་གཞུང་གི་སྣང་བརྙན་སྔར་ལས་ཚད་ཇེ་མཐོ་དང་གཏིང་ཇེ་ཟབ། རྣམ་པ་མཛེས་བར་འགྱུར་བའི་ཕན་པ་དང་ལྔ་བཅས་སོ།
འགྱུར་བ་དེ་དེ་འདྲའི་འགྱུར་བ་ཞིག་ཡིན་པས། དེ་ཡིས་འུ་ཚང་གི་ངོ་བོ་དང་ཁྲག་རྒྱུན། ལེགས་བྱང་སོགས་ཉི་ཟླ་ལྟར་ནུབ་མི་ཐུབ་པ་དང་།  བསྟན་པ་ལྟར་བསྣུབས་མི་ཐུབ་པ།  ཆུ་མིག་བཞིན་སྐམ་མི་ཐུབ་པར་རྒྱ་མཚོ་བཞིན་ནམ་ཡང་གནས་ཐུབ་པ་མ་ཟད་། རང་དབང་གི་འོད་ཟེར་སོབ་སོབ་འཇམ་པོ་དེ་ཡང་རིངས་བོར་མཐོང་པར་བསྐྲུན་སོང་སྙམ་པའི་ཁེངས་བློ་ཞིག་འབེལ་འབེལ་ངང་སླེབས་སོང་བས། སེམས་པ་འདི་དགའ་ཡང་དགའ་སོང་། སྤྲོ་ཡང་སྤྲོ་སོང་།
འདི་ལྟར་གསར་བརྗེ་འདི་ཡི་མགོ་ནཇུག་བར་གསུམ་ལ་ལྟ་དུས། གསར་བརྗེ་འདི་ནི་འཛམ་གླིང་ལ་ཁ་ཕྱོགས་ཡོད་པ། མང་གཙོ་ལ་ཁ་ཕྱོགས་པ།  འུ་ཚང་གི་སང་ཉིན་ལ་ཁ་ཕྱོགས་པ། དུས་དང་བབས་ལ་ཏག་ཏག་ཁེལ་ཡོད་པས།  དེ་ནི་ཆེས་གཟི་བརྗིད་དང་ཡིད་འོང་དུ་མངོན་ལ།   ལོ་རྒྱུས་ཀྱི་རྡོ་རིང་གི་ངོགས་སུ་གཏན་དུ་འོད་བཞིན་འཚེར་ཏེ་མིག་ལྟར་མཛེས།


འགྱུར་བ་གཉིས་པ།
༢༠༠༦---འདི་ལོ་བོད་གཞི་བྱེས་གཉིས་ནས་པགས་རིགས་རྒྱན་གོས་རྣམས་མེར་བསྲེགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་དོན་ལྡན་པ་ཞིག་སྤེལ་སོང་བའི་བོད་མའི་སྲོལ་རྒྱུན་གྱོན་གོས་ལ་གསར་བརྗེ་ཡི་རྣམ་པ་བྱུང་ཏེ།  བོད་མའི་གྱོན་གོས་ལོ་རྒྱུས་ཀྱི་དཀྱོགས་ནཚམས་ཆེན་པོ་ཞིག་ཏུ་ཆགས།
དུས་འཁོར་དབང་ཆེན་ཐེངས་༣༠་པའི་སྐབས་སུ་སྲམ་པགས།  སྟག་པགས། གཟིག་པགས།     གྲངས་དང་རྣམ་པ་ལས་བརྒལ་བའི་གཡུ་བྱི་རུ་མུ་ཏིག་ལ་སོགས་ཀྱི་རྒྱན་ཆ་ཡི་ཕྱོགས་ལ་གངས་རིའི་མགོན་པོའི་བཀའ་སློབ་ལམ་སྟོན་ཞིག་གིས།  གླེང་འོས་ཤིང་བརྗོད་ན་སྤྲོ་བ། གཟི་བརྗིད་ལྡན་པའི་འགྱུར་བ་དེ་བྱུང་བ་སོང་བ་རེད།
དེ་ཡང་།འགྱུར་བ་དེ་ལ་ཡང་དོན་སྙིང་གི་ཆ་དང་རླབས་ཆེན་གྱི་ཆ། རྔོ་བའི་ཕན་ཐོགས་ཀྱི་ཆ་སོགས་ཡོད་པ་ལས།
དང་པོ་དོན་སྙིང་གི་ཆ་ལ །" མི་རྣམས་ཚུལ་ལྡན་ཡ་རབས་ཀྱི་མི་བུའི་ཚུལ་ལུགས་སུ་གནས་པ་དང།  སོ་སོའི་རྒྱུ་ནོར་རྒྱུ་ནོར་ལྟར་བེད་སྤྱོད་པ།  རང་གི་འཚོ་གནས་བདེ་ཐང་ལེགས་བཅས་ཀྱི་ལམ་དུ་ཕྱོགས་པ་སོགས་ནི་ཕྱི་ཡི་དོན་སྙིང་དང་།  རང་གཞན་ཀུན་ལ་གནོད་པའི་མཛེས་དཕྱོད་ལྟ་ཚུལ་རྙིངབ་དང་ངོམ་ཤོམ་འདུ་ཤེས་སོགས་ལ་འཐད་ཅིང་རྒོལ་བ་ནི་ལས་འགུལ་འདི་ནང་གི་དོན་སྙིང་རེད"ཅེས་{༢༠༠༦་ལོའི་ཤར་དུང་རིའི་སྟེང་གི་ཞོགས་དུང་གིས་བྲིས་རྩོམ་ཞིག་ནས་དྲངས}
གཉིས་པ་རླབས་ཆེན་གྱི་ཆ་ལ། འཚེ་མེད་ཞི་བའི་ལམ་ལ་བརྟེན་ཏེ་ཁོར་ཡུག་སྲུང་སྐྱོབ་དང་སྐྱེས་ཁམས་སྙོམས་སྒྲིག་གི་ལས་འགུལ་ཅིག་ཡིན་པའི་དེང་ལ་རླབས་ཆེན་དུ་མངོན།
གསུམ་པ་རྔོ་བའི་ཕན་ཐོགས་ཀྱི་ཆ་ལ། བོད་མའི་འཚོ་བའི་འགྲོ་སོང་གི་ཁ་གྲངས་མར་ལ་ཆག་པ་དང་འཚོ་བའི་གནོན་ཤུགས་ཉུང་དུ་བཏང་བ།


འགྱུར་བ་གསུམ་པ་། 
༡༩༨༩----ལོ་འདི་ཡི་ཆེས་སྙན་གྲགས་ཅན་གྱི་ནོ་བྷེའི་ཞི་བདེ་གཟེངས་རྟགས་གངས་རིའི་མགོན་པོ་སྟེ།  སྐྱབས་མགོན་རིན་པོ་ཆེ་ལ་ཐོབ་ཏེ་ཕུལ་ཅིང་།  མཚན་ལ་ཞི་བདེ་དེད་དཔོན་ཡང་ལོ་འདི་ནས་གསོལ་བའི་སྲོལ་བྱུང་། 
དེ་ཡང་"ངའི་ཆོས་ལུགས་ནི་སྙིང་རྗེ་ཡིན" གསུངས་བ་ལྟར།  ཡིད་བཞིན་ནོར་བུ་ཕེབས་ས་ན་བྱམས་པའི་སྣུམ་གྱིས་བརྟས་ཤིང་།  བསྟན་འཛིན་རྒྱ་མཚོ་བཞུགས་ས་ན་བརྩེ་བའི་འཛུམ་གྱིས་ཁེངས་ཏེ།  མང་མང་གི་སེམས་ལ་ཞི་བདེ་དང་ཕྱི་ལ་འཆམ་མཐུན་གྱི་ས་བོན་བསྐྲུན་པས། " དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།  བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར" ་ཅེས་བརྗོད་པ་ལྟར་ླིང་འདི་ཡི་སྐྱེས་བོ་མང་དག་ཅིག་གིས་ཏཱ་ལའི་བླ་མའི་སྐུ་ཡི་ཞི་བ་དང་གསུང་གི་སྙན་པོ། ཐུགས་ཀྱི་སྙིང་རྗེ་བཅས་ལ་གསན་མཇལ་མྱོང་བ་བྱེད་པར་དགའ་བ་དང་དང་བ་རབ་ཏུ་ཆེ་བ་དང་གཅིག། གཉིས་ནས་བོད་ཀྱི་དཀའ་རྙོག་འདི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་བྱ་བའི་འདུན་པ་སྙིང་ངོགས་སུ་བརྐོས་བ་དང་ལག་ལེན་བདེན་པ་ལ་བསྡོངས་བའི་འབྲས་སུ། གཟེངས་སུ་ཐོན་པའི་གཟེངས་རྟགས་འདི་རྒྱལ་བ་རིན་པོ་ཆེ་ལ་ཕུལ་བ་ལགས།
གཟེངས་རྟགས་འདིས་སྐུ་མདུན་གྱི་མཚན་སྙན་དབྱར་གྱི་མཚོ་རྒྱས་རྒྱས་དང་སྟོན་གྱི་འབྲུ་འཕེལ་འཕེལ་ལྟར་འཕེལ་ཅིང་རྒྱས་ཏེ།  རྒྱལ་སྤྱི་མིག་ལ་གོང་ས་མཆོག་གི་སྣང་བརྙན་སྔར་ལས་མཛེས་ཤིང་སྔར་ལས་གསལ་ཏུ་སོང་བ་དང་སྦྲགས།  གངས་ཅན་པའི་ཁ་ལས་རླུང་རྟ་ཡང་བསྟན་པ་དར་དར་དང་ཆུ་བོ་བྲུག་བྲུག་ལྟར་གོང་ནས་བླ་ལ་ཕྱོགས།
རེད་དེ་།  འུ་ཚང་གི་ལོ་རྒྱུས་ཀྱི་ཤོག་ལྷེབ་རེ་རེ་ཕར་ལ་རྫོགས་དུས།  གཟེངས་རྟགས་འདི་ནི་མུ་ཏིག་གི་རྡོག་པོ་ཞིག་དང་འདྲ་བར་མངོན་པར་འཕགས་ལ་འོད་དུ་འཚེར་ཨང་།རེད་ལགས། རང་རའི་ལོ་རྒྱུས་ཀྱི་ཁུག་སོ་རེ་རེ་ན་སྐྱེས་ཆེན་སུ་ཞིག་ལ་ཡང་འདི་འདྲའི་རླབས་ཆེ་ཤིང་གཟི་དཔལ་ཆེ་བ། རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་འདི་ལྟ་བུ་ཞིག་ཐོབ་མྱོང་མེད་ལ། མ་འོངས་དུས་ལ་ཡང་ཧ་ཅང་དཀའ་བའི་ཚོད་རེད་ཨང་།
"ང་ཡིད་ཆེས་ཡོད། འདི་ནི་སྟོན་པ་སངས་རྒྱས་དང་བླ་མ་སློབ་དཔོན་རྣམས་ཀྱིས་གསུངས་བའི་གཞན་ཕན་དང་སྙིང་རྗེ། བརྩེ་བ་དང་བྱམས་པ།  འཚེ་བ་མེད་ཞི་བ་བཅས་ངས་ཉམས་ལེན་ལ་འབད་པའི་དོན་གྱི་རིན་ཐང་ལ་ངོས་འཛིན་སྩལ་སོང་བ་ནི་ང་ལ་ཡིད་ཆེས་ཡོད"
གང་ལྟར། རང་རིགས་ལ་ཆ་མཚོན་ན།  གཟེངས་རྟགས་འདི་ཡིས་བོད་ཀྱི་རིགགནས་དང་ངོ་བོ་ཤིག་མཚོན་ཏེ། རྒྱལ་སྤྱི་སྒང་ལ་ཉི་མ་ལྟར་མངོན་སོང་བས།  གངས་ཅན་པས་རྒྱན་ཆ་ལ་སྙམ་པའི་རྒྱན་ཆ་ཀུན་ལས་གཟེངས་རྟགས་འདི་ནི་ནམ་ཡང་ཉམས་པ་དང་ཡུན་ལ་གནས་བའི་རྒྱན་ཆ་བླ་ན་མེད་པ། མཆོག་ཏུ་གྱུར་བ། གོང་ན་མེད་པ། གོང་མའི་ཡང་གོང་མ་དེ་ཡིན་ཙ་ན། གངས་ཅན་པའི་བྱིངས་ལ་གཞན་སྡེ་ནས་མགོ་བོ་རིན་པོ་ཆེ་སྨད་མི་དགོས་བའི་ལ་རྒྱ་དང་། དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་ནུས་པའི་ང་རྒྱལ་དེ་ཡང་སྩལ་སོང་བ་རེད།  དེ་ཇི་འདྲའི་རིན་ཐང་གིས་ཕྱུག་པ་ཞིག་ཨང་།
མཐའ་དོན་ལ་མདོར་དྲིལ་ཏེ་ནན་གྱིས་བརྗོད་ན།  "གཟེངས་རྟགས་འདི་ཡིས་ང་ཚོ་ལ་བསྐྱར་ཏུ་ངེས་ཤེས་ཤིག་སྦྱིན་པ་ནི། དྲང་བདེན་དང་སྙིང་སྟོབས།  ཆོད་སེམས་བཅས་ཀྱི་མཚོན་ཆ་ལ་བསྡོངས་བོད་ཀྱི་བདེན་མཐའ་ནི་སེལ་ཐུབ་པའི་ངེས་ཤེས་ཟབ་མོ་དེ་རེད།"


འགྱུར་བ་བཞི་བ།

༡༩༧༩----ལོ་འདི་ནི་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཀྱི་འགྱུར་མཚམས་ཤིག་ཡིན།  རང་བཙན་གྱི་ལངས་ཕྱོགས་ནས་དབུ་མའི་ལམ་ལ་བགྲོད་པའི་དཀྱོགས་མཚམས་ཤིག་ཡིན། 

དེ་ཡང་དབུ་མའི་ལམ་ཟེར་ན། བོད་མིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབས་ལ་ཁས་མི་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རངབཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོན་གཞི་ནང་ཆོལ་ཁ་གསུམ་ཡོངས་རྫོགས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྲིད་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུ་འི་སྲིད་ཇུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད་པ་རེད།

དེ་ནས་དེ་ཡི་ཁེ་ཕན་བརྗོད་པ་ལ། བོད་མའི་ཕྱོགས་ནས་བརྗོད་ན།  བོད་ཀྱི་ཆོས་སྲིད་དང་རིག་གཞུང་།  མི་རིགས་ཀྱི་ངོས་འཛིན་བཅས་མི་ཉམས་རྒྱུད་འཛིན་དང་།  སྲུང་སྐྱོབ་བྱེད་ཐུབ་པ་དང་། རྒྱ་ཕྱོགས་ནས་བརྗོད་ན།  མེས་རྒྱལགྱི་བདེ་འཇགས་དང་། ས་ཁྱོན་གོང་བུ་གཅིག་སྒྲིལ་ལ་སྲུང་སྐྱོབ་བྱེད་ཐུབ་པ།  དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱོགས་གསུམ་པའི་བརྗོད་ན།  ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང་།  རྒལ་སྤྱི་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོང་བའི་ཁེ་ཕན་མཆིས་བ་བརྗོད།

དེ་ནས་ངས་ཀྱང་འདི་ལྟར་འདོད་དེ།  འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ཏེ། ་མིང་དོན་མཚུངས་བའི་རང་སྲིད་རང་སྲིད་སྐྱོང་ལ་སྙེག་པ་ནི། དབུ་མའི་ལམ་གྱི་ཕུགས་ཀྱི་དོན་དང་འགྲོ་སའི་ལམ་ཡིན་པ་དང་གཅིག
གཉིས།  དུས་རབས་འདི་ནི་ཞི་མོལ་གྱི་དུས་རབས་ཀྱི་ཤིག་ཡིན་པས། འགྱུར་བ་འདིས་བོད་རྒྱ་ཞི་མོལ་གྱི་མཐུན་མོང་གི་གླེང་སྟེགས་བསྐྲུན་ཏེ། ཐེངས་དགུ་ལ་ཞི་མོལ་བྱས་པ།
གསུམ།  འགྱུར་བ་འདི་གངས་རི་མགོན་པོས་ཆེད་འདོན་མཛད་དེ་བོད་གཞུང་མང་ནས་གོ་བསྡུར་རིམ་པར་བྱས་ཏེ། གཏན་ལ་ཕབ་པའི་བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་ཇུས་ཤིག་ཡིན་པ་མ་ཟད།  གངས་ཅན་པའི་དུས་བབས་ཀྱི་དཀའ་རྙོག་སེལ་བའི་ཐབས་མཆོག་དེ་ཡིན་པ་རེད །

འགྱུར་བ་ལྔ་པ།
༡༩༦༢----ལོ་འདི་ནི་ཀ་བ་གསུམ་དང་ལྡན་པའི་མང་གཙོ་ཡི་གཞུང་བཙུགས་ཏེ།  <<རྩ་ཁྲིམས་རིན་པོ་ཆེ་>>གཏན་ཕབ་གསལ་བསྒྲགས་གནང་བ། དེ་ནས་སྲོལ་རྒྱུན་སྲིད་དབང་སྐྱོང་བའི་རྣམ་པ་ལས་ལོག་ཅིང་།  མང་གཙོའི་ལམ་ཁ་བསྐྱོད་མགོ་ཚུགས་པའི་འགྱུར་བ་ཅན་གྱི་ལོ་ཚིགས་ཤིག་ཡིན།
འགྱུར་བ་འདི་ཡི་ཉེར་ལེན་གྱིས་ད་ལྟ་མཐོང་ཆོས་ཀྱི་མངོན་ཆོག་ཆོག་གི་འདི་ལྟ་བའི་མང་གཙོ་ལ་ཆགས་པ།

འགྱུར་བ་དྲུག་པ། 
༡༩༦༧----ལོ་འདི་ནི་གངས་རི་མགོན་པོ་ཉིན་ཧོང་ལ་ཆིབས་བསྒྱུར་ཏེ།  གོམ་སྟབས་ཀྱི་ཁ་ཕྱོགས་འཛམ་གླིང་ལ་ཕྱོགས་པའི་དབུས་བརྙེས་ཤིང་།  མ་འོངས་ལས་དོན་གྱི་རྒྱ་བསྐྱེད་དང་གོང་ལ་སྙེག་པའི་དུས་ཀྱི་འགྱུར་བ་ཞིག་ཡིན་སོང་་བ་རེད།

འགྱུར་བ་དེ་ཡིས་གངས་ཅན་པའི་ཕྱི་ཡི་ངོ་གདོང་དང་ནང་གི་སེམས་པ། ཐོད་ཀྱི་གཉེར་མ་དང་ཡིང་ཀྱི་ན་ཟུག་སོགས་རྒྱལ་སྤྱི་ཡུལ་གྲུ་ཁག་གི་མིག་གི་ལྗོངས་དང་རྣ་བའི་ཡུལ་ལ་རི་མོ་སྟོན་སྟོན་དང་སྐད་ཆ་བཤད་བཤད་བྱས་སོང་བས།  གངས་ཉན་པ་རྒྱལ་སྤྱི་སྟེགས་བུ་ལ་བུད་པ་དང་།  རྒྱལ་སྤྱི་ཡིས་གངས་ཅན་པའི་སེམས་ཁོང་ལ་ལག་སྙོར་བྱས་ཏེ།  སོབ་སོབ་དང་རྗེན་རྗེན་གྱི་ངོ་གདོང་གཤའ་མ་དེ་མཐོང་སོང་བ་རེད།
དེ་ནི་གངས་རིའི་མགོན་པས་གངས་ལྗོངས་ལོ་རྒྱུས་ཀྱི་ཐང་ཆེན་ལ་དཔར་བའི་ཆེས་གཏིང་ཟབ་ཅིང་། ཞེང་ཆེ་བ།  རྒྱ་ཡངས་བའི་ཞབས་རྗེས་དེ་ལགས་ན།  གངས་ཅན་པའི་སེམས་ནས་ནམ་ཡང་བརྗེད་མི་རུང་བའི་ལོ་དང་དེའི་འགྱུར་བ་ཞིག་དང་།  ཡང་དང་ཡང་དུ་དྲན་དགོས་བའི་ ལོ་དང་དེའི་འགྱུར་བ་ཞིག་གོ།

འགྱུརབ་བདུན་པ།
༡༩༥༩----ལོ་འདི་ནི་ཁ་དོག་གི་ཆ་ནས་བཤད་ན།  ནག་པོ་ཞིག་དང་། ལོ་རྒྱུས་ཀྱི་སྒང་ནས་གླེང་ན།    དུས་འགྱུར་ཆེན་པོ་ཞིག    བོད་མའི་རང་ངོས་ནས་བཤད་ན།
 ཆེས་ངོ་ཚ་དང་སྡུག་བསྔལ་གྱི་ལོ་དུས་ཤིག།  ཁོར་ཡུག་གི་ཆ་ནས་ལབ་ན།  རི་མཐོ་ས་གཙང་གི་སྒང་པ་ལྗོངས་ལ་འབག་བཙོག་གི་དྲི་མས་གནོད་ཅིང་འཚེ་བའི་བཀྲ་མི་ཤིས་བའི་ལོ་ངན་ཞིག
བསམ་བློའི་ཆ་ནས་བཤད་ན།  ཆེས་བཟོད་པར་དཀའ་བའི་སྡུག་བསྔལ་ནི་ལུས་པོར་མནར་གཅོད་བཏང་བ་དེ་མ་ཡིན་པར་འདུ་ཤེས་ཀྱི་སྟེང་ལ་བཙན་འཛུལ་བྱས་བ་དེ་རེད---<ཐེའུ་རང་གི་ཁྲག་ཡིག་ལས་དྲངས>ཅེས་བའི་བོད་མའི་བསམ་བློའི་མ་ལག་གཏོར་བའི་དུས་ངན་ཞིག།

དེ་ལྟ་བའི་ལོ་ནག་དེ། དེ་ལྟ་བའི་དུས་འགྱུར་ཅིག་ཡིན་རྐྱེན། འགྱུར་བ་དེ་ཡིས་གངས་ལྗོངས་གཞི་བྱེས་གཉིས་སུ་བཏང་ཏེ།  གངས་ཅན་པ་ས་ཡ་གཅིག་ལྷག་གི་གཅེས་སྲོག་འབུ་གསོད་གསོད་དང་། ཤིང་གཏུབ་གཏུབ་བྱས་སོང་བས། གངས་ཅན་པའི་དྲན་པའི་ཟབ་ས་ནས་ནམ་ཡང་ལོ་ངན་འདི་སུ་དང་གང་གིས་ཀྱང་གསུབ་མི་ཐུབ་ལ།  ནམ་ཡང་ཐེར་ཟུག་ཏུ་གནས་བའི་ན་ཟུག་ཚ་བོ་ཚ་བོ་དེ་གྲུབ་པ་ལགས།
ལོས་ཤེས།  འདི་ལོའི་༣་པའི་ཚེས་༡༧་ ཉིན་རང་ཡུལ་ཕ་ས་དྲོན་མོ་ནས་འཇབ་འཇབ་དང་ཁུ་སིམ་སིམ། གངས་རི་མ་འོངས་ཀྱི་བདེ་སྡུག་དང་ལས་དབང་སྙིང་གི་གསེང་དང་སེམས་ཀྱི་ཟབ་སར་བཏེགས་ཏེ། རི་ལུང་དང་ཆུ་ཆེན། གྲང་ངར་དང་བུ་ཡུག། ཉེན་ཁ་དང་ཆག་སྒོ་སོགས་ལ་མ་འཛེམ་པར་གདོང་གིས་བསུས་བཞིན་ཧི་མ་ལ་ཡ་བརྒལ་ཏེ། རྒྱ་གར་ཏུ་འབྱོར།

ལོ་ངན་འདི་ན་ཟུག་གིས་བཏུམས་པའི་ལོ་ངན་ཞིག་དང་།  དུས་འགྱུར་འདི་ཡང་རྨ་ཁ་ཡིས་གཡོགས་པའི་དུས་འགྱུར་ཅིག།  ཡིན་ཡང་།  གངས་རའི་མགོན་པའི་དཔའ་མ་ཞུམ་པར་སྤ་མ་བཀོང་བར། ན་ཟུག་དང་སྐྱོ་གར་དེ་སྙིང་སྟོབས་ཤིག་ལ་སྒྱུར་ཏེ།  བོད་མའི་བདེན་མཐའ་སྒྲུབ་པའི་ཆོད་སེམས་བརྟེན་པོ་དེ་བཞག
 



འགྱུར་བ་བརྒྱད་པ།
༡༩༥༠----གངས་རིའི་མགོན་པོ་གངས་ལྗོངས་སྲིད་དབང་གི་ཁྲིད་ལ་ཕེབས་ཏེ། བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་བཀོད་པའི་འགྱུར་མཚམས་ཤིག་ཡིན།
གྲོགས་པོ་ལགས་ལགས།  ཁྱོད་རང་བཅུ་དྲུག་ལོ་ཡི་དུས་སུ་ཅི་ཞིག་བྱེད་ཀྱིན་ཡོད་དམ།  ང་རང་། བཅུ་དྲུག་ལོ་ཡི་དུས་སུ།  སྲང་ལམ་ན་པྲ་ཚགས་ཀྱིས་ས་ལྡིང་གནམ་ལྡིང་དང་།
ངུ་མ་དགོད་ཀྱིས་རྩེད་མོ་ཆེ་མ་ཆུང་གསུམ་ལ་རོལ་ཏེ།  ནམ་ལངས་ས་རུབ་བྱེད་བཞིན་ཡོད་པའི་བྱིས་པ་བསམ་མེད་དྲན་མེད་ཅིག་ཡིན།  ཡིན་ཡང་། གངས་རིའི་མགོན་པོས་བཅུ་དྲུག་ལོ་ལ་ཅི་ཞིག་བྱས་སོང་།
གང་ལྟར་ལོ་དེ་ནས་བཟུང་།  ཁོང་གི་ཆེས་སྤྲོ་སྣང་དང་དངས་གཙང་གིས་གཏམས་པའི་དུས་ཀྱི་རོལ་རྩེད་དེ་ཡང་།  གངས་ཅན་པའི་མ་འོངས་བདེ་སྡུག་དང་ལས་དབང་གིས་བཅོམ་སོང་བ་རེད།
སྐབས་དེར་བཅིངས་གྲོལདམག་སྡེ་ཨང་༡༨་པས་ཆབ་མདོ་ཤུགས་དྲགས་ཀྱིས་བླངས་ཀྱང་། ད་དུང་གལ་གནད་ཨང་དང་པོ་དེ་ནི་དེ་འཕྲོས་ཀྱི་བོད་གཞུང་གི་མངའ་ཞབས་རྣམས་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་རེད།” ---{འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས་བོད་མི་གསར་བརྗེ་བ་ཞིག་ཅེས་བ་ལས་དྲངས}་ཅེས་ ཞི་བའི་བཅིངས་འགྲོལ་ཟེར་བ་ཁ་ལ་ཁྱེར་ཏེ།  ལག་ལེན་དུ་མེ་མདའ་དང་མེ་སྒྱོགས་སོགས་ཀྱི་དེང་རབས་དྲག་ཆས་ལ་བརྟེན་ནས།  དྲག་པའི་གྲོལ་བཅངས་བྱས་སོང་བ་རེད། གནས་སྟངས་འདི་ནི་གངས་ཅན་པས་ལོ་ན་ཕྲ་བའི་གངས་རའི་མགོན་པོ་ལ་སྲིད་དབང་ཕུལ་བའི་བོད་ཀྱི་གཡས་གཡོན་མདུན་རྒྱབ། ཕྱི་ནང་བར་གསུམ་གྱི་གནས་སྟངས་དངོས་མ་དེ་རེད།
དེ་བས་བསམ་བློ་ཞིག་བཏངཏེ་སྐད་ཆ་དྲང་མོ་ཞིག་བཤད་ན།  བར་སྐབས་འདི་ན་ཇི་འདྲའི་མིག་ཆུ་བཞུར་བའི་བསམ་གཞིགས་ཀྱི་ཕྲེང་རིམ་ཞིག་ཡོད་ཨང་།
འགྱུརབ་དགུ་པ།
༡༩༣༥----ལྷ་མོ་དོནའགྲུབ།  བསྟན་འཛིན་རྒྱ་མཚོ་ལ་ཕེབས་བའི་ཆེས་མཛེས་སྡུག་གི་ལོ་དུས་ཤིག། 
འདི་ལོ་འི་ཟླ་༧་པའི་ཚེས་༦་གི་ཉིན།  མདོ་སྨད་ནས་སྟག་འཚེར་ཟེར་བའི་གྲོང་རྡལ་ཤིག་ནས་:སྒོ་ཕྱུགས་ཀྱིས་ཞིང་ཁ་རྨོས་ཤིང་།  ནས་ཀྱི་བཙས་མ་བརྔས་རྗེས་སླར་ཡང་སྒོ་ཕྱུགས་དེ་དག་བཀོལ་སྤྱོད་བྱས་ཏེ།  གཡུལ་བརྡུངས་བྱེད་པའི་སོ་ནམ་པ་དཀྱུས་མ་ཞིག་གི་ཁྱིམ་དུ” {རྡུལ་ཕྲན་གཅིག་ཁོ་ནས་སྟེང་གི་འཇིག་རྟེན་ལས་དྲངས}  ཡུམ་ཅན་ཚེ་རིང་བདེ་སྐྱིད་ཟེར་བ་ཞིག་དང་ཡུབ་ཆེན་ཆོས་སྐྱོང་ཚེ་རིང་ཟེར་བའི་ཁྱོ་ཤུག་གཉིས་ལ་བྱིས་པ་ཞིག་སྐྱེས་ཏེ།  མཚན་ལྷ་མོ་དོན་གྲུབ་ལ་བཏགས། 
ལྷ་མོ་དོན་གྲུབ་ལོ་བཞི་ལ་སོན་དུས། ལྷ་མོ་བླ་མཚོས་ཨ་ཀ་མ་ཡིས་ལུང་བསྟན་ལྟར། ལྷ་མོ་དོན་གྲུབ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་ལ་ངོས་འཛིན་འཁྲུལ་མེད་བྱས་ཏེ། མཚན་ལ་བསྟན་འཛིན་རྒྱ་མཚོ་ཞེས་གསོལ་བ་རེད།
དུས་ད་ལྟ་ཕྱིར་བསམ་ན།   ལྷ་མོ་དོནའགྲུབ།  བསྟན་འཛིན་རྒྱ་མཚོ་ལ་ཕེབས་བའི་འགྱུར་བ་འདིས།  འཆི་ལ་ཉེ་བའི་བོད་མའི་རྣམ་ཤེས་ལ་སྔར་ལས་ལྷག་པའི་རེ་བའི་གསོན་ཤུགས་ཀྱིས་བརྟས་བར་བྱས་པ་དང་གཅིག། 
གཉིས།  བོད་མའི་ཁ་ཐོར་གྱི་རྣམ་པ་དང་བག་ཡངས་ཀྱི་བསམ་བློ་དེ་གྲོལ་བར་ཚུགས་ཏེ།  ཆིག་སྒྲིལ་གྱི་དབུ་བརྩམས་པ། 
གསུམ། གངས་ཅན་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྣེ་བསྟན་ཏེ།  འཛམ་གླིང་ལ་ཁ་ཕྱོགས་པའི་སྟ་གོན་ལ་ཆས་བ།
བཞི་བ།  ལོ་མང་གཉིད་ལ་ཤོར་སོང་བའི་གངས་ཅན་པ་མང་མང་ཞིག་འགྱུར་བ་འདིའི་ཁྲོད་ནས་སད་པར་བརྩམས་པ།
ལྔ་བ།  བོད་མའི་ཆབ་དཔལ་རིག་གསུམ་སྔར་ལས་དར་རྒྱས་ཀྱི་དབུ་བརྙེས་པ།
དེ་བས།  ལོ་འདི་ཡི་ཟླ་འདི་ཡི་ཉིན་འདི་ནི་བོད་མའི་ལོ་རྒྱུས་ཀྱི་ཁྲོད་ནས་ལོ་ཆེན་པོ་ཟླ་ཆེན་པོ་ཉིན་ཆེན་པོ་དེ་ཡིན་ནོ།

འགྱུར་བས་གླེང་བས་མཐའ་དོན།
འགྱུར་བས་ཁ་ཕྱོགས་མཚོན་ལ་།  གསར་བརྗེ་དང་གསར་གཏོད་ཡང་མཚོན།  འགྱུར་བ་ཡི་ཁྲོད་ན་འཚོལ་སྙེག་གི་ལམ་བུ་མོད་ལ།  སྐྱེས་ཆེན་སུ་ཞིག་གིས་མི་ཡུལ་ལ་དཔར་བའི་ཞབས་རྗེས་ཀྱང་མང་མང་དང་ཟབ་ཟབ་སྒོས་མཐོང་མཇལ་དང་ཐོས་མྱོང་བྱེད་ཐུབ།  དེ་བས། ངས་འགྱུར་བ་ཡི་སྨྱུག་བུ་ལག་ལ་བཟུང་ཞིང་དྲན་པའི་ཆེས་ཟབ་ས་ནས་གངས་རིའི་མགོན་པོ་དང་གངས་ཅན་པ་གླེང་ཏེ།  རང་ཉིད་ནས་གངས་རིའི་མགོན་པའི་བཀའ་དྲིན་རྗེས་སུ་དྲན་པ་ལ་བརྗོད་པ་ལགས་སོ།

གཉིས་པ།   སྡེ་གཞན་པས་གངས་རའི་མགོན་པོ་དང་གངས་ཅན་པ་གླེང་བ།
 
 དང་པོ།   ཚན་རིག་དང་གངས་རིའི་མགོན་པོ།

ང་ཚན་རིག་ལ་དང་བ་འདི་ཐོག་མར་འཕྲུལ་ལས་ནས་མགོ་ཚུགས་ཞེས་གསུངས་བ་ལྟར།  ལོ་ན་ཕྲ་དུས་ནས་ཚན་རིག་དང་ཚན་རིག་གི་ཅ་དངོས་སོགས་ལ་རང་བཞིན་གྱིས་ཐུགས་མྱོས་དགའ་བ་ཡོད་པ་དང་གཅིག།  གཉིས།  བོད་ལ་གོད་ཆག་དང་དུས་ངན་བྱུང་བ་འདི་དེང་རབས་སློབ་གསོ་དང་ཚན་རིག་མ་དར་བའི་ཉེར་ལེན་གྱིས་འབྲས་བུ་ཡིན་པ་ལ་ངེས་ཤེས་དང་དེའི་ཀུན་སློང་གིས།  བཙན་བྱོལ་ལ་འབྱོར་མ་ཐག་༡༩༦༠་ལོར་རྷ་ས་ནས་བཙུན་པ་ཐོ་མ་སི་དང་ཆོས་ལུགས་ཀྱི་མཁས་པ་ཧོད་སི་ཏྲོང་{Troms merton and Hustom smit}གཉིས་ལ་ཐུགས་འཕྲད་བྱས་ཏེ།  ཆོས་ལུགས་དང་ཚན་རིག་གི་འབྲེལ་ལམ་ལ་གྲོས་བསྡུར་བྱས།  དེ་ནས་ཚན་རིག་གི་དགེ་རྒན་ཐོག་མ་འཇར་མན་བ་མཚན་ཉིད་རིག་པ་དང་དངོས་མཁན་རིག་པ་བ་་་་་་་་་་ནས་ཁོམ་ཏྲོམ{Quantum}་དངོས་ཁམས་རིག་པ་དང་དེ་འབྲེལ་གྱི་མཚན་ཉིད་ཉིད་རིག་པའི་ཤུགས་བསྟན་སོགས་ལ་སློབ་གཉེར་བྱས།  དེ་ནས་༡༩༧༩་ལོར་དངོས་མཁན་རིག་པ་སྤོད་མི{David Boum} ལ་ཐུགས་འཕྲད་བྱས་ཏེ་ཚན་རིག་གི་གོམས་འདྲིས་དེ་སྔར་ལས་ཏིང་ཇེ་ཟབ་ཏུ་བཏང་།  དེ་ནས་༡༩༨༧་ལོར་ཐེང་དང་པོར་སེམས་དང་ཚེ་སྲོག་{Mind and life}་གི་ཚོགས་འདུ་དེ་རྷ་རམ་ས་ལ་ནས་ཚོགས་ཏེ།  ཚན་རིག་ལ་གོམས་འདྲིས་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཏུ་ཆགས། 
འདི་ལྟར་ཚན་རིག་ལ་རབ་དང་རིམ་པས་འབྲེལ་འདྲིས་དང་བགྲོ་གླེང་།  ཐོས་བསམ་དང་དབྱེ་ཞིབ་ཀྱི་ཁྲོད་ནས་ནང་པའི་ཆོས་དང་ཚན་རིག་གི་ཕྱོགས་མཐུན་དང་སོ་སོ་བ་ལ་རྒྱུས་ལོན་དང་གོམས་འདྲིས་བྱས་ཏེ།  ནང་ཆོས་དང་ཚན་རིག་བར་གྱི་གསེར་གྱི་ཟམ་པ་ལྟ་བུ་དེ་ལ་གྱུར།  ང་ཚོས་ལོས་ཤེས།  འདས་སོང་ལོ་རྒྱུས་ཀྱི་ཤོག་ལྷེབ་ངོགས་ན་ཆོས་ལུགས་གང་ཞིག་དང་ཆོས་བ་སུ་ཞིག་གིས།  དོགས་སློང་དང་དགག་སྒྲུབ། རྒྱུ་མཚན་དང་འཚོལ་ཞིབ། ཚོད་ལྟ་དང་ཞིབ་འཇུག་རང་བཞིན་ཅན་གྱི་རིག་ཚན་སྟེ།  ཚན་རིག་ལ་མཉམ་སྡེབ་ཀྱིས་སྐད་ཆ་དང་བགྲོ་གླེང།  རྟོག་དཔྱོད་ཞིབ་འཇུག་བྱས་བའི་ཡིག་འབྲུ་ཧ་ཅང་ཉུང་ཉུང་ཡིན་པ་དེ་རེད།  ཡིན་ཡང་།  ཤར་ཕྱོགས་རིག་པ་སྨྲ་བ་སྟེ།  གངས་རིའི་མགོན་པོས་ལྡོག་ཏེ།  ལོ་རྒྱུས་ཀྱི་ཤོག་ལྷེབ་གསར་བ་ཞིག་ལ་དབུ་འཁྱུད་བྲིས་ཤིང་ནང་ཆོས་དང་ཚན་རིག་གི་ཁྱིམ་གཞི་གསར་བ་ཞིག་གླེང་འདི་ལ་བཞེངས་བསྐྲུན་གནང་བ་དེ།  མིའི་རིགས་ལོ་རྒྱུས་ཀྱི་ཐོལ་བརྒལ་གྱི་ཆ་ཞིག་དང་འཛམ་གླིང་ཞི་བདེ་ཡི་རྨང་བསྐྲུན་པ་ཡང་ཡིན་པ་མ་ཟད།   ནམ་ཡང་མི་ནུབ་པའི་ གངས་ཅན་པའི་གཟི་བརྗིད་དེ་ཡང་བསྐྲུན་སོང་བ་རེད། 

གཉིས་པ།     ཆོས་ལུགས་དང་གངས་རིའི་མགོན་པོ།
གངས་རིའི་མགོན་པོ་ལ་གཞན་ལ་དགའ་བའི་བྱམས་པ་དང་གཞན་སྡུག་བསྔལ་ལས་བྲལ་ན་སྙམ་པའི་སྙིང་རྗེ་ཕྱུག་པ་མ་ཟད་།  དཀྱེལ་ཡངས་དང་སྒམ་དཀྱེལ།  གུ་ཡངས་དང་རང་ཚུགས་ཀྱིས་བརྟན་པས།  རང་ལྟ་མཆོག་འཛིན་དང་མཁྲེགས་འཛིན་གྱི་བསམ་སྦྱོར་དང་བྲལ་ཤིང་།  གཞན་ལྟ་ཐེར་འདོད་ཀྱི་སྒེར་གཅོད་ཀྱི་ཨ་འཐས་ཀྱང་བྱས་མྱོང་མེད་པས།  ཁོང་རང་ཉིད་ལ་ཐུགས་ཀྱི་ཟབ་ས་ན་འདི་འདྲའི་གསར་ལྟ་བུའི་རྩ་དོན་ཅིག་དང་ཆོད་སེམས་བརྟན་པོ་ཞིག་ཡོད་དེ།  ཆོས་ལུགས་ཁག་གི་ལྟ་གྲུབ་དང་རྣམ་བཞག་མི་འདྲ་བར་སོ་སོ་རུ་གནས་ཀྱང་།  མཁུན་མོང་གི་སྐད་ཆ་དང་མཁུན་མོང་གི་ཕུགས་འདུན་ནི་འཚོ་གནས་ཀྱི་སྙིང་བོ་ནི་བདེ་སྐྱིད་ལ་སྙེག་པ་ཡིན་གསུངས་བ་ལྟར།  བདེ་ྐིད་ཀྱི་འཙོལ་སྒྲུབ་དང་བདེ་སྐྱིད་ལ་སྙེག་པ་དེ་རེད་། 
དེ་བས་ཆོས་ལུགས་ཕན་ཙུན་ལ་བརྩི་བཀུར་དང་འཆན་མཐུན་གྱིས་བླང་བྱ་ཐོག་མར་རང་ཁ་ལ་བསྐོར་ཏེ།  ཡེ་ཤུའི་ལྷ་ཁང་ལ་ཕེབས་མྱོང་ལ་།  ཁ་ཆེ་གསུང་སྒྲོས་ལ་ཡང་གསན་མྱོང་།  ཧིན་རྡུ་སོགས་ཀྱི་ཆོ་ག་དག་ལ་མཇལ་བ་དང་གཟིགས་མི་བྱེད་བཞིན་།
ཆོས་ལུགས་འཆན་མཐུན་ནི་འཛམ་གླིང་ཞི་བདེ་ཡི་རྩ་བའི་རྨང་གཞི་དང་རྩེ་མའི་འབྲས་བུ་ལྟ་བུ་དེ་ཡིནཔ་མཁྱེན་མཐར།  ཆོས་ལུགས་འཆན་མཐུན་སྒྲུབ་པའི་རླབས་ཆེན་གྱི་བྱ་བཞག་དེ།  ཁོང་གི་དགོངས་པ་{འཛམ་གླིང་ཞི་བདེ།  ཆོས་ལུགས་འཆན་མཐུན།  བོད་ཀྱི་རྩ་དོན།  }གསུམ་གྱི་ཡ་གྱལ་ཅིག་ཏུ་ཆགས།
ཞོར་ལ།  གངས་ཅན་པ་བྱིངས་ལ་ཆེས་རིན་ཐང་དང་དོན་སྙིང་།  ཉམས་མྱོང་གིས་གཏོས་བའི་སློབ་མཐུན་ཞིག་ཀྱང་ཁྲིད་སྟོན་བྱེད་ཀྱིན་ཡོད་པ་རེད།
དེ་ནི་ཆོས་ལུགས་ལ་མཐའ་དང་དཀྱིལ། སྣེ་དང་མཇུག།  རིང་དང་ཉེ་བ་སོགས་ཀྱི་ངེས་ཅན་རང་བཞིན་ལས་ལྡོག་ཏེ། ཡོངས་ཁྱབ་རང་བཞིན་དང་ཀུན་སྙོམས་ཡིན་དགོས་བའི་ཁྲིད་སྟོན་དང་གཅིག།
གཉིས། ཆོས་ལུགས་ནང་ཆོས་ཀྱིས་སྨྲ་བ་ནི་དོནགྲི་གནས་ལུགས་དང་རྒྱུ་མཚན།  བྱམས་པ་དང་སྙིང་རྗེ། གུ་ཡངས་དང་ཞི་བ། 
ད་དུང་བསྲེགས་བཅད་བརྡར་བའི་གསརང་བཞིན་དུ་ངོགས་སློང་། དགག་སྒྲུབ། འཚོལ་ཞིབ་ལ་བརྟེན་ནས་རང་སེམས་རང་གིས་བཅོས་དགོས་པ་ལས།  རྨོངས་དད་དང་འཐོམས་སྦྲིད། སེམས་སྒོ་དོགས་མོ་ལ་འཇུག་མི་རིགས་པའི་ཁྲིད་སྟོན་དང་གཉིས།
གསུམ།    གུ་དོགས་དང་སྒེར་གཅོད་ཀྱི་བསམ་སྦྱོར་ཉ་མོ་རྒྱ་ལས་གྲོལ་གྲོལ་བྱ་བ་དང་།  སྐབས་འཚོལ་རིང་ལུགས་པའི་ཁེ་ཕན་རྐྱང་རྐྱང་གི་སྦྱོར་བ་ལས་ཀྱང་སྟག་མཆོངས་མཆོངས་དང་རྟ་རྒྱུགས་རྒྱུགས་ལྟར་ཕྱི་ལ་ཐོན་ཏེ།  ཆོས་རྒྱུད་དབྱེ་འཆན་མཐུན་དང་ཕན་ཚུན་བརྩི་བཀུར་གྲོགས་དན་བྱེད་དགོས་བ་སྟོན་པ་མ་ཟད།  དེ་ནི་བོད་ཀྱི་གོང་བའི་ཆིག་སྒྲིལ་དང་རྩ་དོན་ལ་རྔོ་ཐོགས་འབེལ་བོ་ཡོད་པ་ལ་ཁྲིད་སྟོན་དང་གསུམ་མོ།

གསུམ་པ།   འཛམ་གླིང་དང་གངས་རིའི་མགོན་པོ།
བོད་ཟེར་ན་མི་ཤེས།  ཏཱ་ལའི་བླ་མ་ཟེར་ན་ཤེས།
༡༩༧༩་ནས་གངས་རིའི་མགོན་པས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ།  སེམས་ཅན་མ་རུ་སྒོམ་པའི་རིག་གནསཤིག་གི་ལྟ་སྤྱོད་ཉམས་སུ་ཁྱེར་ཏེ། རྒྱལ་སྤྱི་སྒང་ལ་ཞབས་ཀྱིས་བཅགས་པ་ནས་བཟུང་།   གངས་རིའི་མགོན་པོ་འཛམ་གླིང་གི་མགོན་པོ་རུ་གྱུར་བའི་མགོ་ཚུགས་པ་རེད།
དེ་ནས་སྤྱི་ཁྱབ་འགན་འཁྲི་འདུ་ཤེས་ཐུགས་ལ་བསྣམས་ཏེ།  ཁུར་ཏུ་བཞེས་ནས་འཛམ་གླིང་ཤར་ནུབ་ཀུན་ལ་ཆིབས་སུ་བསྒྱུར་ནས།  སྲིད་འཛིན་བློན་ཆེན་སོགས་ལ་གྲོས་མོལ་དང་མཁས་ཆེན་བླ་མ་སོགས་ལ་བགྲོ་གླེང་།  སློབ་མ་མང་ཚོགས་རྣམས་ལ་བཀའ་སློབ་བཅས་ངལ་དུབ་དང་དཀའ་ཚེགས་ལ་མ་འཛེམ་པར་ལོ་ཐོག་ཟླ་ཐོག་ལ་དེ་ལྟར་མཛད་པ་བསྐྱངས། 
དེ་བས་ཞི་བདེ་གཟེངས་རྟགས་དང་ཨ་རིའི་གསར་གྱི་རྟགས་མ་སོགས་ཀྱིས་མཚོན་ གཟེངས་རྟགས་དང་ལག་ཁྱེར་གྲངས་ལ་ལོང་བ་ཞིག་བཀའ་དྲིན་རྗེས་དྲན་དང་བཀུར་བསྟི།  བསྔགས་བརྗོད་ཀྱིས་ཕུལ་སོང་བ་རེད། 
འདི་ལྟར་གངས་རིའི་མགོན་པོ་འཛམ་གླིང་གི་མགོན་པོ་རུ་གྱུར་བ་འདིས།  ཞོར་ལ་གངས་ཅན་པའི་ཉིན་དང་མཚན།  ཟླ་དང་ལོ།  དེ་ཡང་དྲོད་ཡིན་ན་ཇེ་དྲོ་དང་།  འོད་ཡིན་ན་ཇེ་གསལ།  སྐྱིད་ཡིན་ན་ཇེ་སྐྱིད་ལ་ཡང་ཁྲིད་སོང་བ་རེད། མ་གཞི་ནས་གངས་རིའི་མགོན་པོ་གངས་ཅན་པའི་རིགས་གནས་ཀྱི་མཚོན་བྱེད་དང་ཉིང་བསྡུས་ཀྱང་ཡིན་པ་དེའོ།

མཇུག་བསྡུས་བ།
གཡང་ཟོག་ལ་རྡོ་ཁ་དང་དྲིན་ཆེན་ལ་དྲིན་ལོག་མི་བྱེདཔ་བོད་ཀྱི་གཏམ་དཔེ།
བཟང་ལན་བཟང་དང་ངན་ལན་ལ་ངན་པ་རྒྱ་ཡི་གཏམ་དཔེ།
རླབས་ཆེན་གྱི་མི་སྣ་འཁྲུངས་མ་མྱོང་བའི་མི་རིགས་དེ་ནི་ཆེས་ཉམས་ཆུང་དང་།  རླབས་ཆེན་གྱི་མི་སྣ་བྱུང་ཡང་དེ་ལ་མཐོང་ཆེན་དང་བརྩི་བཀུར་མི་བྱེད་པའི་མི་རིགས་དེ་ནི་ནམ་ཡང་རེ་བ་མེད་པའི་མི་རིགས་ཤིག་ཅེས་གསུངས་བ་ལྟར་།  རླྦས་ཆེན་གྱི་མི་སྣ་དེ་ཡིས་མི་རིགས་དེ་ཡི་རེ་བ་མཚོན་ལ།  མ་འོངས་ཁ་ཕྱོགས་དང་ལོ་རྒྱུས་ཀྱི་བརྗོད་བྱ་ཡང་མཚོན་ཐུབ་པས། བཤད་དེ་གླེང་འདོད་པ་དེ་ནི།  འུ་ཚང་ལ་རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བ་ཡང་མ་རེད་ལ། བལྟམས་ཀྱང་ཡོད་རེད། དཔེར་ན། བལྟམས་མྱོང་བ་ནི་རྒྱལ་དབང་བཅུ་གསུམ་པ་དང་། དགེ་འདུན་ཆེས་འཕེལ།  དོན་གྲུབ་རྒྱལ་ལྟ་བུ་སོགས་དང་།  བལྟམས་ཡོད་པ་ཡང་གངས་རིའི་མགོན་པོ་ལྟ་བུ་ཡིན་ཙ་ན།  གངས་རིའི་མགོན་པོ་ལ་བསྟོད་བསྔགས་དང་བཀུར་བསྟི།  མཐོང་ཆེན་པོ་དང་དགའ་དད་མོས་གསུམ་བྱེད་པ་དང་བསྡོངས།   བགྲང་བྱ་དོན་དྲུག་གི་ཡུན་ལ་ཤ་ཁྲག་རུས་དང་སེམས་བསམ་བློ་གསུམ་བཅས་གངས་ཅན་པའི་བདེ་སྡུག་གི་ཆེད་དུ་བསྟིམས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་ཏུ་ཡག་ལ་ི་ཡག་དང་གདུས་ལ་མ་འདུས་ཚོགས་འདི་དག་སྦྱར་བའོ།།

                                             ༢༠༡༡་༥་༣་ཉིན་ལ་ཡོངས་སུ་རྫོགས་སོ།།

No comments:

Post a Comment