Saturday, July 9, 2011

མིག་གི་སྒྲུང་།


[









མིག་གི་སྒྲུང་།
                                    ---------  <རྡོ་གླིང་རྗེ་ཡི་ཉིན་ཐོ>2011,6,9
                                
ཉི་འོད་དེས་རྒྱ་ཕིབས་ལ་སྔར་ལས་བཀྲག་མདངས་རྒྱས
ཕུག་རོམ་ཟུང་་གི་དགའ་འཁྱིད
རྒྱ་ཕིབས་ལས་མཛེས་བ་མ་ཟད་ཉི་འོད་ལས་ཀྱང་སྡུག་པར་སྙམ
ཐག་རིང་གི་ནགས་གསེང་ནས་གྲགས་འོངས་བ་དེ
བྱ་དང་བྱུའི་གང་ཞིག་ཡིན་མིན་མི་ཤེས་མོད
ཀྱ་ཀྱུར་དང་ལྷང་ལྷང་གི་གྲེ་འགྱུར་དེ་ཇི་འདྲའི་སྙམ་ལ
རྔ་སྒྲ་དང་དུང་སྒྲ་སྔ་མོ་ནས་གྲགས་ཀྱིན་ཡོད་པ
གཞི་ནས་རྣ་མཆོག་གིས་ཀྲོང་ཙམ་ཀྲོང་ཙམ་བྱེད
ཧ་གོ་དུས་དུང་ལ་དུང་ལུང་དང་རྔ་ལ་རྔ་ལུང་ཡང་མི་གདའ
འོན་ཀྱང་།དུང་སྒྲ་ནི་ཆེ་ལ་གསལ།རྔ་སྒྲ་ནི་ལྡིར་ལ་དྭངས
                          
མིག་གིས་ལྟ་ཕྱོགས་ཤིག་གིས
ཞིང་ཁ་མཐོང་ལ་ཞིང་བ་ཡང་རིག་ད་དུང་བ་གླང
ཕོ་ཡིས་རྨོ་བཞིན་མོ་ཡིས་ལུད་འཕེན་སྲོལ་དེས
མིག་ཟུང་འདི་ཅེར་ཏུ་བཅུག་སོང་ལ
ལུས་པོ་འདི་འགྲེང་དུ་སྐུལ་སོང
མ་གཞི་རང་ཉིད་དེ་ལ་མཚུངས་རྟགས་འགྲོ་བས་རེད
                       
ཆེས་ཡིད་དུ་འོང་བ་ནི་འཛུམ་མདངས་དང་བྱམས་བརྩེ་རེད
ཞིང་བའི་འཛུམ་མདངས་དང་བྱམས་བརྩེ་ནི་ཆེས་ཡིད་དུ་འོང་བ་ཡིན
དེ་ནི་ངའི་ཡིད་ཆེས་དང་སེམས་ཀྱི་གཟེངས་ཀྱང་ཡིན

རང་བྱུང་ཁམས་དང་ཆེས་ཐག་ཉེ་བ་ནི་ཞིང་བ་ཡིན
མིའི་རིགས་ལ་ཆེས་ཐག་ཉེ་བ་ཡང་ཞིང་བ་ཡིན
                             
རླུང་བསིལ་མོ་རེ་གཡུགས་དུས
སྒེའུ་ཁུང་ནས་རྒྱང་རིང་ལ་ཤོར་འགྲོ་བ་དེ
གྱི་ལིང་རྟ་མཆོག་དེ་ཡིན་ན་
བང་རྩལ་གྱི་གོམ་འགྲོས་དེ
སེམས་པ་ཞིག་ཕ་ཡུལ་ལ་ཕྱོགས་པ་དེ་ཡིན
སྐབས་དེར་ཆེས་སྙན་ཤས་ནི་རྩ་ལྗང་དང་ལྗོན་ཤིང་གི་ཤུགས་གླུ་ཡིན་པ་དེ
ས་མཐའ་ན་ཁེར་བཞུད་བྱེད་པའི་སེམས་ཀྱི་ཁེན་ས་དེ་ཡིན་པས་རེད
                                      
མཚམས་ལ་རེར།་་་་་་རི་མཐོ་པོར་འཛེགས་པ་ཡིན
མཚམས་ལ་རེར།་་་་་་་་སྒང་མཐོ་པོར་བུད་པ་ཡིན
རི་མཐོ་པོ་འཛེགས་པ་དེ།་་་ཕ་ཡུལ་མཐོང་ཨེ་ཐུབ་སྙམ་པ་ཡིན
རི་མཐོ་པོ་འཛེགས་པ་དེ།་་་་ཞེ་ཁམས་ཨེ་དྭངས་ཐུབ་མསམ་པ་ཡིན
སྒང་མཐོ་པོར་བུད་པ་ཡིན་ནི་རླུང་རྟ་འདོགས་པ་དང
གསང་ཕུལ་ཏུ་སོང་བ་ཁྱོན་ནས་མིན
དེ་ལ་རྒྱུ་མཚན་གཅིག་ལས་བཤད་རྒྱུ་མེད
དེ་ནི་བྲང་ཁ་ས་ལ་བརླན་ཏེ
མ་ཡུམ་ལྟ་བུའི་ས་ཆེན་གྱི་བརྩེ་སེམས་དྲོན་མོ་ལ་མྱོང་བ་དང
ཡབ་ཆེན་ལྟ་བུའི་སྐྱེས་ཤིང་གི་སྤྲོ་སྣང་བསོད་མོ་ལ་རོལ་བ
སྤུན་མཆེད་ལྟ་བུའི་བྱ་བྱུའི་ཡི་གསུང་སྐད་སྙན་མོ་ལ་བླགས་པ
ད་དུང་ལག་མཐུལ་ས་ལ་སྦྱར་ཏེ་མིག་ཟུང་དགུང་ལ་ཅེར་ནས
རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་ལ་སྤྱོད་པ་དེ་ཡིན
དེ་ལྟར་བཤད་ན་མི་ཆེན་རེ་ཟུང་ལ་ཕོག་ཏེ་ན་སྲིད་མོད་ཐ་ན་གཤེ་ཡང་སྲིད
འོན་ཀྱང་།་་རང་ཉིད་མཛེས་སྡུག་ལ་དགལ་དུངས་ཆེ་བ་སྔར་བཞིན་ཡིན
                     
ང་ལ་ཡོད་པ་ནི་རང་ཉིད་ལས་ཅི་ཡང་མིན་ལ
ང་ལ་ཡོད་དགོས་པ་ཡང་རང་ཉིད་ལས་ཅི་ཡང་མིན
                           
མི་ཞིག་གིས་ཁྱོད་ལ་བཟང་བཟང་རྒྱན་རྒྱན་བྱས
ཁྱོད་ཀྱིས་ཀྱང་དགའ་ཀྲོག་ཀྲོག་དང་ཡིན་ཤག་ཤག་བྱས
བཟང་བྱས་ན་དགའ་དང་དགའ་སྤྲོ་དང་སྤྲོ
འོན་ཀྱང་གལ་ཆེན་པོ་དེ་རྗེས་ན་ཡོད་པ་རེད
དེ་ཅི་ཞིག་ཡིན་ནམ་
                           
རི་མཐོ་པོ་ཡི་རྒྱབ་ན་རི་མཐོ་པོ་ཡོད་པ་དེ
མི་ཞིག་གི་ཧམ་སེམས་དང་འདྲ
མིག་ཟུང་གིས་རྒྱང་རིང་གི་མཛེས་སྡུག་མཐོང་བ་དེ
ཁྱོད་རི་མཐོ་པའི་སྒང་ན་ཡོད་པ་མ་བརྗེད་རོགས
ཡང་གཅིག་བཤད་ན་ཁྱོད་རི་མཐོ་པས་ཤུགས་ཀྱིས་བཅགས་ཡོད་པས་རེད
                           
ཡོད་པ་ཉག་གཅིག་ནི་མེད་པ་དེ་རེད
མེད་པ་དེ་ཡང་ཡོད་དགོས་པ་དེ་རེད
འཐད་རྩོད་དང་འགལ་འདུལ་གྱི་སོ་ཕྲེང་ནས
མི་ནི་དུས་ཚོད་ལས་ཁྱོན་ནས་བརྒལ་མི་ཐུབ་པ་མ་ཟད
མཐར་མར་དུས་ཚོད་ནི་ཚེ་སྲོག་གི་ལག་དམར་རུ་ཆགས་འགྲོ
དེ་ནི་ཆེས་རྒྱུན་ལྡན་ཞིག་མོད་དེ་མཐོང་ནི་ཉུང
དེ་་བདེན་པ་ཞིག་ཀྱང་རེད
                           

༡༠
ལ་ལས་རང་ཉིད་ཀྱིས་ཅི་ཞིག་བསྒྲུབས་པ་དེ
སྐད་གསེང་མཐོན་པས་ཤུགས་ཀྱིས་བསྒྲགས་ཏེ་མངོན་མངོན་བྱེད
ལ་ལས་རང་ཉིད་ཀྱིས་ཅི་ཡང་བསྒྲུབས་མེད་ཀྱང
ཅི་ཞིག་བསྒྲུབས་ཡོད་མདོག་གི་ངར་ངར་ཤུགས་ཤུགས་བྱེད
ལ་ལས་རང་ཉིད་ཀྱིས་བསྒྲུབས་པ་འབེལ་འབེལ་ལྷུག་ལྷུག་ཏུ་ཡོང་ཀྱང
ཅི་ཡང་བསྒྲུབས་མེད་སྲོལ་གྱིས་སིམ་པོར་གནས
ལ་ལས་ཅི་ཡང་བསྒྲུབས་མེད་ལ
ཅི་ཡང་བསྒྲུབས་མེད་སྲོལ་གྱི་འདུག
                            ༡༡
དཔེ་ཀློག་ངའི་འཚོ་བ་ཡིན
༡༢
ཆར་བ་བབས་སོང
རླུང་བུ་དང་བསྡོངས་ཆར་བ་བབས་སོང
ཆར་བ་ཡི་ཤགས་སྒྲ
རླུང་བུ་ཡི་ཤུགས་ཆེ་ཆུང་ལ་རག་ལས་འདུག
རླུང་བུ་གང་ནས་གཡུགས
གལ་སྲིད་རླུང་བུ་དེ་ང་ཡིན་ན
དེ་སྒང་པ་ལྗོངས་ནས་ལྡིང་འོངས་བ་ཤ་སྟག་ཡིན
གལ་སྲིད་ཆར་བ་དེ་ང་ཡིན་ན
དེ་ཁེར་བཞུད་ཀྱི་མིག་ཆུ་ཡིན་པ་ཐག་གིས་ཆོད
ཆར་བ་འབབ་ཀྱིན་འདུག
ཁྱམས་རའི་ཁ་ནས་ཐིགས་བཞིན་པའི་ཆུ་ཐིགས་དེ
མུ་ཏིག་གི་ཕྲེང་བ་ཞིག་ཐོར་བ་ལྟར
ས་ལ་རེ་མ་ཆད་པར་ཐིགས་བཞིན་འདུག
ད་དུང་ཐིགས་སྒྲ་དེས་ངའི་སེམས་ཀྱི་ཟབ་ས་ཡི་ཡོ་ལང་གི་རྟིང་སྐུལ་ཏུ་གྱུར
སྐབས་དེར་ངས་ཐག་རིང་གི་ཕ་ཡུལ་དྲན་ད་དུང་ཨ་མ་ཨང
                                       ༡༣
ད་ལྟ་སློབ་གྲྭ་གུང་གསེང་ཡིན
ང་བོན་གཞིས་ཆགས་རྡོ་གླིང་རྗེ་ན་ཡོད
དེ་རིང་སྤྱི་ཟླ་༦་པའི་ཚེས་༩་རེད
ཕྱི་རོལ་ན་ཆར་བ་འབབ་ཀྱིན་འདུག
ད་ལྟ་ཆུ་ཚོད་༡༢་དང་སྐར་མ་༢༣་སྐར་ཆ་༢༣་་༣༤་་༣༥་་་་་་རེད
ཆུ་ཚོད་འདི་ལྟར་འགྲོ་བ་ལྟར
མི་ཚེ་ཡང་དེ་ལྟར་རྫོགས་ཀྱིན་ཡོད་པ་རེད

དུས་ཚོད་ནི་མི་ཚེ་ཡིན

སློབ་གྲྭ་གུང་གསེང་ཡིན་ན་ཡང
དུས་ཚོད་ཀྱིས་སུ་ལ་ཡང་གུང་གསེང་གཏོང་མི་སྲིད
གུང་གསེང་གི་ཕྱོགས་ནས
གཙོ་བོ་དེ་རང་ཉིད་ཀྱི་རང་ཉིད་ལ་གུང་གསེང་གཏོང་མིན་ལ་རག་ལས་འདུག
ཁྱད་པར་ཡོད་ཚད་ཀྱང་འདི་ནས་འགོ་ཚུགས་ཀྱིན་པ་འདྲ
                              ༡༤





                                      




No comments:

Post a Comment