Tuesday, August 2, 2011

ཨ་མ་ལགས དྲན་ཨང་།

ཨ་མ་ལགས   དྲན་ཨང་།

                                            ---- བསོད་ནམས་རྒྱལ།
ཨ་མ་ལགས
དེ་རིང་ང་གངྒའི་འགྲ་ན་ཡོད།
དེ་རིང་ །  ང་ཁྱེད་དང་ཁ་བྲལ་ནས་ལོ་ངོ་དྲུག་ཏག་ཏག་འགྲོ་ཀྱིན་འདུག
ཨ་མ་ལགས
དེ་རིང་། ངས་ཁྱེད་ཀྱིས་སྩལ་བའི་སྙན་ངག་དེ་དབྱངས་སུ་གྱེར་གྱིན་ཡོད།
དེ་རིང་། ངས་ཁྱེད་ཀྱིས་གནང་བའི་ མགོ་བོ་མཐོ་པོ་དེ་གཞན་གྱི་རྐང་འོག་ལ་མི་འཇོག་པའི”@་དམ་བཅའ་ཡང་བཞག་ཡོད།
ཨ་་ལགས
དེ་རིང་། ངས་ས་མཐའ་ཡི་མིག་ཆུ་སེམས་ལ་བསྐྱིལ་ཏེ། ཕ་ཡུལ་གྱི་འཛུམ་མདངས་ལ་སྙེག་གིན་ཡོད།
དེ་རིང་། ང་རིག་གནས་ཀྱི་རྟ་ཕོ་ལ་ཞོན་ཏེ། ཨ་མ་ཁྱེད་ཀྱི་མཛེས་སྡུག་གི་རྩྭ་ཐང་ལ་ཆས་ཀྱིན་ཡོད།
ཨ་མ་ལགས
དེ་རིང་། ངས་ཕ་མེས་ཡང་མེས་ཀྱི་ཁ་ཆེམས་སེམས་ལ་བཟུང་ཏེ། རང་ཉིད་ཀྱི་ཡོད་ཚད་ཕ་ཡུལ་ལ་འབུལ་རྒྱུའི་སྟ་གོན་བྱེད་ཀྱིན་ཡོད།
དེ་རིང་། ངས་བདེན་པ་ཡི་དར་ཆ་དགུང་ལ་ཁྱེར་ཏེ། མི་ཡུལ་གྱི་སྡུག་བསྔལ་དང་ཕ་ཡུལ་གྱི་རང་དབང་སྒྲོག་གིན་ཡོད་ཡཱ།

ནམ་རྒྱུན།  མོག་མོག་གི་ས་རུབ་ཐེངས་རེ་རེར།
ང་། སྨག་ནག་པའི་མཚན་ལྗོངས་ནས་མགོ་བོ་གནམ་ལ་དགྱེས་ཏེ།
ཆེམ་ཆེམ་འཚེར་བའི་སྐར་ཚོགས་དང་དེའི་འོད་སྣང།
ཨ་མ་ཁྱོད་ཀྱི་བྱམས་བརྩེ་དང་འཛུམ་མདངས་ལ་སྒོམ་པ་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན།
སྐབས་ཐོག་དེར། ང་ལ་ཡོད་པ་ཉག་གཅིག་ནི་རང་ཉིད་ཁོ་ནའམ།
ཡང་ན་ཕྱོགས་གང་ནས་ལྡིང་འོངས་བ་ཡང་མི་ཤེས་བའི་རླུང་བུ་ལྡོམ་པོ་དེ།
ད་དུང་། མཐའ་འཁོབ་ཀྱི་མུན་པ་དང་མུན་པའི་ཁྲོད་ཀྱི་ལྗོན་པ།
ལྗོན་པའི་སྟེང་གི་ལོ་མ
ལོ་མ་འགུལ་བའི་ཤག་ཤག་གི་སྒྲ་དབྱངས་ཁོ་ན་རེད་ཨང་།
ཨ་མ་ལགས།  ས་མཐའ་ན་ང་རང་ཁེར་རྐྱང་ཡིན།

ནམ་ཡིན་ན་ཡང།
ངའི་སེམས་ཀྱི་ཤོག་དཀར་གྱི་ངོས་ནས།
དུས་ཚོད་ཀྱིས་ཡལ་མི་སྲིད་པ་དང།
སུ་ཞིག་གིས་ཀྱང་གསུབ་མི་ཐུབ་པ་དེ་ནི།
དུས་བཞིར་སོས་མ་མྱོང་བའི་ཨ་མ་ཁྱེད་ཀྱི་ཕྱག་ཟུང་གི་སེར་ཁ་དང།
ནམ་ཡང་ལྷོད་མ་མྱོང་བའི་ཨ་མ་ཁྱེད་ཀྱི་གདོང་གི་གཉེར་མ་རེ་རེ་རེད་ཨང།
ངས་ཡང་ཡང་དྲན་འོང་བ་དེ་ཡང་།
ཨ་མ་ཁྱེད་ཀྱི་བསྐོལ་བའི་འོ་ཇ་དཀར་པོ་དེ་དང།
ཨ་མ་ཁྱེད་ཀྱིས་བཟོས་བའི་གྲོས་མོག་ཚ་བོ་དེ།
ཨ་མ་ཁྱེད་ཀྱིས་བརྫིས་བའི་སྦྲང་དཀར་རྩམ་པ་དང།
ཨ་མ་ཁྱེད་ཀྱིས་འཚེམ་པའི་པགས་ཚགས་དྲོན་མོ
ད་དུང་།  ཁྱེད་ཀྱིས་གསུང་བའི་སྐད་ཆ་རེ་རེ་རེད་ལགས།

ང་།  ས་མཐའ་ནས་བསྡད་ཀྱིན་བསྡད་ཀྱིན།
ས་མཐའ་རང་ཉིད་ལ་བར་ཐག་རིང་དུ་འགྲོ་བ་ངས་ཚོར་སོང་།
ང་། མི་ཡུལ་ནས་འགོར་གྱིན་འགོར་གྱིན།
རྒྱང་རིང་གི་ཕ་ཡུལ་ལ་བར་ཐག་ཉེ་རུ་འགྲོ་བ་ཡང་ངས་རྟོགས་སོང།
ང་།  ཉིན་རེར་ནས་འཚར་གྱིན་འཚར་གྱིན།
ཨ་མ་ཁྱེད་ཀྱི་རུམ་ཁོངས་དང་འབྲལ་ཐབས་མེད་པ་ཡང་ངས་ཤེས་སོང་ལགས།
འདི་འདྲའི་ཆོས་ཉིད་ཆུང་ཆུང་ཞིག་གམ།
ཡང་ན་གནས་ལུགས་ཐུང་ཐུང་ཞིག་གིས།
ངའི་སེམས་ཀྱི་མཁར་རྔ་ཡང་ཡང་དུ་རྡུང་ཏེ།
ཨ་མ་ཁྱེད་དང་ཕ་ཡུལ་ལ་ཕྱོགས་པའི་ངའི་སེམས་པ་དེ།
སྐར་་གཅིག་ལ་ཡང་གཉིད་མ་ཐུབ།

ཞོགས་པ་དེར།
ཆར་བ་ཟམ་ཟིམ་ངང་འབབ་བཞིན་པའི་ཞོགས་པ་དེར།
སུ་ཞིག་སྐྱོ་སྣང་གིས་ངུ་བཞིན་པ་དང་འདྲ་བའི་ཞོགས་པ་དེར།
རླངས་འཁོར་འབབ་ཚུགས་སུ།
ཨ་མ་ཁྱེད་ཉིད་ངུ་བཞིན།  བུ་ཆུང་ང་རང་སྐྱོ་བཞིན།
མ་བུ་བྲལ་ཁ་ཡི་ཞོགས་པ་དེར།
འགྲོ་བཞིན་པའི་རླངས་འཁོར་ནང་གི་ངའི་ཕྱིར་མིག་གི་ཁྲོད་ན།
ཨ་མ་ཁྱེད་ལ་ཇི་འདྲའི་སྐྱོ་ཉམས་ཤིག་དང་།
བུ་ཆུང་ང་ལ་ཇི་འདྲའི་ན་ཟུག་ཅིག་ཆེ་ཨང་།
དུས་ད་ལྟ་ཡིན་ན་ཡང་།
ཞོགས་པ་དེ་ཡིས།    ན་ཟུག་དེ་ཡིས།    སྐྱོ་བ་དེ་ཡིས།
གཅན་གཟན་སུ་ཞིག་གི་སྡེར་མོ་ལྟར།
ངའི་བྲང་ཁོག་ལ་ཡང་ཡང་འདྲེད་ཀྱིན་འདུག
དཔའ་བོ་སུ་ཞིག་གི་རལ་གྲི་ལྟར།
ངའི་སྙིང་མགོ་ལ་ཡང་ཡང་གཙགས་ཀྱིན་འདུག
མགར་བ་སུ་ཞིག་གི་ཐོ་བ་ལྟར།
ངའི་སེམས་ངོགས་སུ་ཡང་ཡང་རྡུང་གིན་འདུག

འོན་ཀྱང
ཨ་མ་ལགས
ཁྱེད་ཀྱི་ཐུགས་སེམས་ཕམ་མི་དགོས་ལ།
ང་ཡི་སེམ་པ་དེ་བས་ཀྱང་སྐྱོ་ག་ལ་དགོས།
མུན་པའི་ཁྲོད་ན་བུ་ཡུག་གི་རྒྱུ་སྟངས་རྩུབ་ཀྱང་།
རྒྱ་རྫོང་ནགས་ནས་ཅེ་སྤྱང་གི་ངར་སྐད་རྒོད་ཀྱང་།
སྒོ་རའི་འགྲན་ན་མེ་འཁོར་གྱི་དུང་སྒྲ་ཆེ་ཡང་།
ཉི་མའི་གཙོ་འཁོར་ན་མུན་པ་མེད་པ་དང་།
གྲང་ངར་དེ་བས་ཀྱང་མེད་པ་ནི་བདེན་པ་ཡིན།
འུ་ཚང་ལ་ཡོད་པ་ཁོ་ན་ཡང་བདེན་པ་ཡིན་པས།
གནམ་འོག་གི་བདེན་གང་ཞིག་གིས་སུ་ཞིག་བསླུ་སོང་དང་།
དེ་ལ་རྒྱལ་ཁ་མ་ཐོབ་པའི་ལོ་རྒྱུས་ཡིག་ཚགས་ཀྱང་མཐོང་སྲོལ་མེད་པས།
ཨ་མ་ཁྱེད་རང་སྐྱོ་སྐྱོ་ཡི་སྤྱན་ཆབ་བསིལ་དགོས་དོན་མེད་ལ།
བུ་ཆུང་་ང་རང་སྡུག་བསྔལ་གྱིས་མགོ་བོ་སྨད་དགོས་དོན་ཡང་ཅི།
མ་གཞི་བུ་ཆུང་ང་རང་ས་མཐའ་ལ་འགྲིམས་དོན་ཡང་།
ཟས་གང་ཞིམ་ཞིམ་དང་གོས་གང་ཡག་ཡག་ཁོ་ནའི་ཆེད་དུ་ག་ལ་ཡིན་ཏེ།
མིན་མིན། གཏན་ནས་མིན།
དེ་ཡང་། རང་དབང་དང་བདེན་པ།
བསྐྱར་ཏུ། ཕ་ཡུལ་གྱི་པང་དང་ཨ་མའི་རུམ་ཁོངས་ལ་ལོག་པའི་ཆེད་དུ་མ་ཡིན་ནམ།

ཨ་མ     ཨ་མ      ཨ་མ
ང་། དེ་རིང་གངྒའི་འགྲམ་ན་ཡོད
ང་། དེ་རིང་གངྒའི་འགྲན་ན་སེམས་ཀྱི་ཆེས་ཟབ་ས་ཞིག་ནས་ཨ་མ་ཁྱེད་ཉིད་དྲན་ཡོད།




                                                                                                                                                                              2011,7 , 17 ཉིན་ལ་བྲིས་ཚར།





འགྲེལ་བ།
@----དཔལ་དོན་གྲུབ་རྒྱལ་གྱི་ཚིག་གཡར།






No comments:

Post a Comment