Saturday, August 13, 2011

སློབ་མཐུན སློབ་མ འཆར་སྣང

སློབ་མཐུན   སློབ་མ   འཆར་སྣང


དབྱིན་ཇི་ཡི་འཛིན་གྲ་གྲོལ་སོང་།


བསོད་ནམས་ཇ་འཐུང་དུ་འགྲོ
མིན་ཀླུ་འབུམ་་ངེད་གཉིས་དཔེ་མཛོད་ཁང་དུ་འགྲོ
ཧ་ཧ་ཁྱོད་གཉིས་ཀྱང་ལེགས་སྦྱར་གྱི་འཛིན་གྲྭ་ལ་འགྲོ་རྒྱུ་མིན་ནམ་
བློ་བཟང་གིས་དེ་ལྟར་བཤད་ཞོར་ཁོང་གཉིས་ཀྱི་གམ་ལ་བཅར།
ང་།  དབྱིན་ཇི་ཡི་འཛིན་ཁང་ནས་ཐོན་དུས་ཁོ་ཚོས་དེ་ལྟར་ལབ་གླེང་བྱེད་ཀྱིན་འདུག



ལེགས་སྦྱར་གྱི་འཛིན་གྲྭ་ཚོགས་སོང་།
འཛིན་ཁང་དེ་སྔར་བཞིན་ཆེ། ཅོག་ཙེ་དང་རྐུབ་སྟེགས་ཀྱང་སྔར་བཞིན་མང་།   ཕྱོགས་བཞི་ཡི་གྱང་ངོས་ཀྱང་སྔར་བཞིན་སྐྱ་ཐར་ཐར་ཏུ་འདུག་ལ།  སྒེའུ་ཁུང་ཡང་སྔར་བཞིན་ཆེ་ལ་ཡངས།  དེ་རིང་དམིགས་བསལ་གྱི་སྒེའུ་ཁུང་ནང་གི་ནམ་མཁའ་དེ་དྭངས་ཤིང་སྔོ་ལ་ཡངས་ཤིང་ཆེ།  ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་་ཨང་།   མདུན་གྱི་སྒོ་སམ་ཆེན་པོ་དེ་ཡི་བརྩིས་ན་དགེ་རྒན་ཆུང་ཆུང་ཞིག་གིས་ཐར་ཐོར་ངང་བསྡ་ཡོད་པའི་སློབ་མ་དག་ལ་ཅེར་ཏེ་འདུག
ང་རང་གི་བསྡད་ས་སྒེའུ་ཁུང་དེ་ཡི་འགྲན་ནས་ཡིན།   དེ་ནས་སྔོ་ཤིང་སངས་བའི་ནམ་མཁའ་ཐད་ཀར་མཐང་ཐུབ་པ་མ་ཟད།  བྱ་བྱིའུ་དང་རྒོད་པོ་ཡི་རང་དབང་གི་གཤོག་འགྱུར་ཡང་ལྷང་ངེར་མཐོང་ཐུབ།  ད་དུང་།  ཀེར་རེར་སྐྱེས་བའི་ཤིང་སྡོང་དང་དེ་ཡི་སྟེང་གི་ལོ་མ།  ལོ་མ་གཡོ་བའི་སྟངས་སྟབས་དང་ཞོར་ལ་རླུང་བུ་གཡུགས་པའི་སྟངས་ཀ་སོགས་ཀྱང་མིག་གིས་འཇམ་འཇམ་དང་ལྷོད་ལྷོད་ཀྱིས་མཐོང་འོངས།
ང་།  བོད་ནས་སྐྱེས་ཏེ།   བོད་ནས་་འབྱོར་བའི་བོད་ཕྲུག་དཀྲིས་ཀྱང་མི་དག་པ་ཞིག་ཡིན། ང་།  འཛིན་གྲ་བརྒྱད་པ་མཐར་ཕྱིན་རྗེས།  མཐོ་སློབ་འདིར་འཛུལ་ཞུགས་བྱས་པ་ཡིན། དེ་བས་རྷིན་རྡི་ལ་ཆ་མེད་པ་མ་ཟད། ལེགས་སྦྱར་གྱི་ངོ་དེ་བས་ཀྱང་ག་ལ་ཤེས།  དེ་ལྟར་ཡང་། ལེགས་སྦྱར་གྱི་སྐད་སྦྱངས་དགོས་ལ་རྒྱུགས་ཀྱང་སྤྲོད་དགོས་ཀྱིན་ཡོད་པ་རེད།  གལ་སྲིད།  དེ་ཡི་རྒྱུགས་མ་འཕྲོད་ན་ཡང་བསྐྱར་བཏང་ན་ཆོག་ཆོག་མོད།  དེ་ཡང་སྟབས་མ་ལེགས་ན།  ཟླ་དྲུག་ལ་སློབ་གྲྭ་ནས་བསྡད་ཆོག་པའི་ཐོབ་དབང་མེད།   གལ་ཏེ།  ང་ལྟ་བུ་ཞིག་གིས་དེའི་ཡིག་རྒྱུགས་མ་འཕྲོད་ན།  སློབ་གྲྭའི་ཕྱི་ལོག་ན་འགྲོ་ཆོག་ཆོག་གི་གནས་ཤིག་དང་བསྡད་ཆོག་ཆོག་གི་ས་ཞིག།  ཐུག་ཆོག་ཆོག་གི་མི་ཞིག་མེད་ཙ་ན།  ཅི་ཞིག་སློབ་སྦྱོང་བྱ་ཐུབ་རྒྱུ་དེ་ཕར་ཞོག།  ཐ་ན་འཚོ་བའི་ལྟོ་གོས་གཏམས་གསུམ་ཡང་ཤིན་ཏུ་དཀའ་བའི་ཚོད་ཡིན།  དྲང་མོར་བཤད་ན་ང་ལྟ་བུ་མང་པོ་ཡོད་ནི་རེད།


དགེ་རྒན་གྱིས་སློབ་ཁྲིད་ཀྱི་འགོ་ཚུགས་སོང་།
ཁྲིད་བྱ་ནི་ལེགས་སྦྱར་གྱི་སྐད་རེད།  སློབ་བྱ་ཡང་ལེགས་སྦྱར་ཀྱི་སྐད་རེད།  དེ་ཡང་རྷིན་རྡི་ལ་བརྟེན་ནས་སྦྱངས་དགོས་ཀྱིན་ཡོད་པ་རེད་ལ་ཉན་དགོས་ཀྱིན་ཡོད་པ་རེད།  དེ་བས། ངས་ཉན་ནས་བསྡ་པ་ཡིན། ཉན་ནས་ཉན་ནས་བསྡད་པ་ཡིན།  འོན་ཀྱང་། ངས་ཅི་ལྟར་ཉན་ཀྱང་།   ཐ་ན་རྣ་བ་བླགས་ཏེ་ཉན་ན་ཡང་།  ངས་ལྷང་ལྷང་གྲགས་ཀྱིན་ཡོད་པའི་སྐད་སྒྲ་ཙམ་ལས་ཅི་ཡང་གོ་མ་སོང་ལ་གོ་ཐུབ་ཡང་མ་ཐུབ།  དེ་བས། ངས་རྒན་གྱི་གདོང་ལ་ཡང་ཡང་དུ་ལྟོས་བ་ཡིན་ལ། དཔེ་ཆའི་ཐོག་ལ་ཡང་རིག་རིག་གིས་ལྟོས་བ་ཡིན། འདུག་རོགས་ཚོ་ལ་སྐེ་སྲེང་སྲེང་གིས་ཀྱང་ལྟོས་བ་ཡིན།  ངས་ཐིག་ཕྲེང་ག་ཚོད་ཞིག་གི་ཡིག་འབྲུ་གང་ན་ཀློག་གིན་ཡོད་པ་དང་འགྲེལ་བརྗོད་བྱེད་ཀྱིན་ཡོད་མེད་ཡང་ཤེས་ཀྱིན་མེད།  དེ་ནས།  ངས་འདུག་གྲོགས་ལ་དྲིས་ཏེ་ཤེས་ཤེས་སོང་མོད།  མཚམས་ཤིག་ལ་དེ་ཡང་བོར་སོང་།   ཡང་ངས་འདུག་གྲོགས་ལ་དྲིས་བ་ཡིན།   ངས་ཡང་ནས་བོར་སོང་། ངས་འདུགས་གྲོགས་ལ་གཅིག་དྲིས་གཉིས་དྲིས་གསུམ་དྲིས།  ངས་གཅིག་བོར་གཉིས་བོར་གསུམ་བོར་བྱས་སོང་བས།  ད་དུང་།   བསྐྱར་ཏུ་འདུག་གྲོགས་ལ་འདྲི་རྒྱུར་ནོངས་བ་ནི་ཅི་ཡང་མེད་ཀྱང་། ཅུང་འཚེར་སྣང་ཞིག་གིས་ཡང་ནས་ངས་འདྲི་མ་ཕོད།   དེ་ལྟར་དེ་ལྟར།  ང་འཐོམས་སོང་།  ཉོབ་ཡང་ཉོབ་སོང་།   རྒན་གྱིས་འཆད་ཁྲིད་བྱེད་པ་དང་དཔེ་ཆ་ལ་ཡང་བར་ཐག་རིང་ནས་རིང་ནས་བུད་སོང་།  མཚམས་ཤིག་ལ།  ངའི་རྣ་བས་ལྷང་ལྷང་གྲགས་ཀྱིན་ཡོད་པའི་སྐད་སྒྲ་དེ་ཡང་གོ་བཞིན་མི་འདུག
སྐབས་དེར།  ངའི་སེམས་པ་དེ་ཕྱེ་ལེབ་ཆུང་ཆུང་ཞིག་དང་འདྲ་བར་སྒེའུ་ཁུང་ཆེན་པོ་དེ་བརྒྱུད་དེ།  ཕྱི་རོལ་གྱི་དེ་རིང་གི་ནམ་མཁའ་འདིའི་དབྱངས་སུ་འཕུར་ཏེ། གཞན་ཞིག་ཆས་སོང་།
མཚམས་ཤིག་ལ།  ཕྱེ་ལེབ་ཆུང་ཆུང་དེ།  ལྷ་སའི་གཙང་འགྲན་གྱི་སེར་ཡུག་ཡུག་གི་སྐེ་ཚེ་མེ་ཏོག་ཅིག་གི་སྟེང་ན་ལྷབ་ལྷབ་དུ་འཕུར་ཀྱིན་འདུག
གློ་བུར་ཏུ། ཕྱེ་ལེབ་ཆུང་ཆུང་དེ།  ཆར་རླུང་དྲག་པོ་ཞིག་གི་ཁྲོད་ན་ཤི་མ་གསོན་གྱིས་མལ་ས་དྲོན་མོ་ཞིག་ལ་སྙེག་གིན་འདུག་ལ། རལ་ཅིང་ཐད་ལ་ཉེ་བའི་གཤོག་ཟུང་ལྷབ་ལྷབ་ཀྱིས་འཕག་འཚག་ཀྱང་བྱེད་ཀྱིན་འདུག
ཡང་མཚམས་ཤིག་ལ།  ཕྱེ་ལེབ་ཆུང་ཆུང་དེ།  ཨ་མ་སྐལ་བཟང་སྒྲོལ་མས་ཡུར་མ་ཡུར་བཞིན་པའི་:ཧོར་བ”་ཞིང་གི་ཞིང་ཚུགས་ན་འཕུར་ལྡིང་བྱེད་ཀྱིན་འདུག།  ཨ་ཕ་བསོད་ནམས་ཀྱིས་ས་ཕག་བརྕིགས་ཏེ།  ཁང་བ་ལས་ཀྱིན་པའི་འཁྲིས་ན་ཡོད་པའི་འདམ་བག་དེ་ཡི་མཐའ་ན་ཡང་འཕུར་ཀྱིན་འདུག
ཡང་གློ་བུར་ཏུ། ཕྱེ་ལེབ་ཆུང་ཆུང་དེ།  དཀར་མཛེས་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་མདུན་གྱི་ཨ་ཀ་རའི་མེ་ཏོག་དེའི་སྟེང་ན། ཞི་ཞིང་ལྷོད་པའི་སྒོ་ནས་གཤོག་ཟུང་རྡེབ་རྡེབ་བྱེད་ཀྱིན་འདུག་ལ། ལི་ཐང་ཨ་གྲགས་སྡེ་བའི་མཐའ་འཁོབ་ན་ཡང་འཕུར་གྱིན་འདུག
ཡང་མཚམས་ཤིག་ལ།  ཕྱེ་ལེབ་ཆུང་ཆུང་དེ།  གྲོགས་པོ་ཁུགས་ཤས་རང་གི་མཛའ་མོའི་མགོ་ལ་གསེབ་མ་ཐག་གི་སུ་རི་མེ་ཏོག་དེའི་སྟེང་ན། འཛུམ་དམུལ་དམུལ་གྱིས་འཕུར་གྱིན་མཆིས་ལ།  ཆུང་དུས་རྩེད་རོགས་འཕགས་སྒྲོལ་གྱི་ལག་གི་ར་མ་རི་ཅོག་གི་མེ་ཏོག་དེ་ཡི་སྟེང་ལ་་ཡང་འབབ་འབབ་བྱེད་ཀྱིན་འདུག
ཡང་གློ་བུར་ཏུ། ཕྱེ་ལེབ་ཆུང་ཆུང་དེ།  ནུབ་ཨ་རི་ན་ཡང་འཕུར་ཀྱིན་འདུག།  ཤར་རྒྱ་གར་ན་ཡང་འཕུར་ཀྱིན་འདུག   གྲོང་ཁྱེར་ཆེན་པོའི་ཁང་བརྕེགས་ཀྱི་གསེང་ན་ཡང་འཕུར་གྱིན་འདུག་ལ།  རྩྭ་ཐང་ཡངས་མོའི་མེ་ཏོག་གི་ཚལ་ན་ཡང་འཕུར་ཀྱིན་འདུག
ཡང་མཚམས་ཤིག་ལ།  ཕྱེ་ལེབ་ཆུང་ཆུང་དེ།  ཨ་ཇ་དབྱངས་མཚོ་ཡི་བྲང་གཞུང་གི་སྐྱེད་ཚལ་དེ་ན་འཕུར་ཀྱིན་འདུག་ལ།  ཇོ་ཇོ་ཚེ་བརྟན་དང་ཁོང་གི་ཕྲུག་གུ་དག་གི་མཐལ་ན་ཡང་འཕུར་ཀྱིན་འདུག 
ཡང་གློ་བུར་ཏུ། ཕྱེ་ལེབ་ཆུང་ཆུང་དེ།  ཁྲ་མིག་སྡེ་བའི་གྲམ་པ་ཁ་ན་ཡོད་པའི་མཆོད་རྟེན་ལ་བསྐོར་བ་བྱེད་ཀྱིན་ཡོད་པའི་སྤོ་བོ་ངག་དབང་བསྟན་འཛིན་གྱི་མ་ཎིའི་དབྱངས་རྟ་ལ་འགྲོགས་ཏེ།  འཕུར་ཀྱིན་འདུག་ལ   ད་དུང་སྡེ་མི་རྒན་རྒོན་རྣམས་ཀྱིས་ང་བརྒྱད་གཡས་་གཡོན་ལ་སྡུག་གི་མྱངས་རབ་གླེང་བཞིན་པའི་གནའ་གཏམ་གྱི་སྒྲ་དབྱངས་ལ་འཐིམས་ཏེ།  འཕུར་ཀྱིན་འཕུར་གྱིན་ཡང་འདུག
ཡང་མཚམས་ཤིག་ལ།  ཕྱེ་ལེབ་ཆུང་ཆུང་དེ།  པོ་ཏ་ལའི་མཁའ་དབྱིངས་ན་རང་དབང་གི་འཕུར་ལྡིང་བྱེད་ཀྱིན་པའི་ཁུ་བྱུག་དང་འཇོལ་མོ།  སྐྱ་ཀ་དང་ཁ་ཏ།  ད་དུང་།  ཕུག་རོན་དང་སྐྱོང་ཀ་སོགས་ཀྱི་མཉམ་དུ་དགའ་བའི་གར་དང་སྐྱིད་པའི་ཉམས་ཀྱིས་སྒོ་ནས་ཀྱང་འཕུར་གྱིན་འཕུར་གྱིན་འདུག
ཡང་གློ་བུར་ཏུ། ཕྱེ་ལེབ་ཆུང་ཆུང་དེ།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐབས་དེར།  ཏག་ཏག་སྐབས་ཐོག་དེར།  སློབ་མཐུན་གྲོལ་སོང་བའི་དྲིལ་བརྡ་གྲགས་སོང་ཏེ།  ཕྱེ་ལེབ་ཆུང་ཆུང་དེའི་རང་དབང་གི་འཕུར་བསྐྱོད་དེ་མཚམས་ཆད་་སོང།   དེ་ནས་ང་ཡང་སུ་ཞིག་རྨི་ལམ་རིང་མོ་ཞིག་ལས་་སད་ལྟར།  ཧར་གྱིས་ཡར་ལ་ལངས་ཏེ། འཛིན་ཁང་ནས་ཕྱིར་ཐོན་པ་ཡིན།


ཟླ་བ་་འགྲོ་་་ཇ་འཐུང་དུ་འགྲོ
“མིན་མིན་་་རྡོ་རྗེ་་ལགས་་་ང་ལ་རང་གཞུང་གི་འཛིན་གྲྭ་ཡོད་་”
“རྡོ་རྗེ་་་ད་་ངེད་གཉིས་འགྲོ་་་་འགྲོ
ཚེ་རིང་གིས་དེ་ལྟར་བཤད་ཞོར་མགོ་བོ་གཡོན་ལ་གསིག་གསིག་བྱས་ཏེ། མིག་ལ་དཔྱངས་ཡོད་པའི་སྐྲ་རྐང་ཆ་བོ་ཀླད་ལ་འབྱར་ཏུ་འཇུག་ཞོར།   སུག་སུག་གིས་ཀླུ་འབུམ་དང་མཉམ་དུ་སློབ་གྲྭའི་ཕྱི་ལ་འགྲོ་སོང་།
ང་།  ལེགས་སྦྱར་ཀྱི་འཛིན་ཁང་ནས་ཕྱིར་ལ་ཐོན་དུས། ཁོ་ཚོས་དེ་ལྟར་བཤད་ཀྱིན་དེ་ལྟར་བྱེད་ཀྱིན་འདུག


 2011.8 . 9





No comments:

Post a Comment