Friday, September 9, 2011

གཟུ་བོ་བློ་ཡི་རལ་གྲི་རྣོན་པོ་དེ།།
གནས་ལུགས་ཀུན་གྱིས་དགུང་ལ་བསྐོར་བསྐོར་བྱེད།།
དོན་དམ་གནས་ལུགས་རྫོགས་པའི་དེ་ཉིད་ལ།།
དུད་དུད་སྙིང་ནས་གུས་ཕྱག་རབ་ཏུ་འཚལ།།

གནས་ལུགས་ཚད་མ་ཇི་ལྟར་བརྗོད་བརྗོད་ཀྱང་།།
བློ་ཡིས་ཡིན་པ་བརྗོད་ན་ཡིན་ཡིན་འདྲ།།
བློ་ཡིས་མེད་པ་བརྗོད་ན་མེད་མེད་འདྲ།།
ཐམས་ཅད་བློ་ཡིས་ཡོད་ཡོད་མེད་མེད་འདྲ།།
གནས་ལུགས་ཚད་མ་ཟེར་བ་ཆ་ཇོག་དཀའ་།།

ཕྱི་དོན་ཡུལ་གྱིས་གནས་ལུགས་དེ་ལ་བརྗོད།།
ཡུལ་ཅན་ནང་གིས་ཚད་མ་དེ་ལ་འཛིན།།
ཕྱི་དོན་ཡུལ་ཅན་ཚུར་ལ་སྣང་ཚུལ་དེར།།
ཡུལ་ཅན་བློ་ཡིས་ཕར་ལ་བཏགས་ཚུལ་བརྗོད།།
ཡུལ་ཅན་ཡུལ་གྱི་ཆ་འཇོག་ཆ་མ་འཚལ།།

ཡུལ་ནི་བློ་ཡི་ཡུལ་ཏུ་བྱ་རུང་བརྗོད།།
དེ་གཉིས་མཚོན་བྱ་མཚན་ཉིད་ཡིན་པ་བརྗོད།།
ད་དུང་ཁྱབ་པ་སྒོ་བརྒྱད་ངེས་ཚུལ་བརྗོད།།
རྫས་ཡོད་ཁྱབ་པར་གསུམ་པོ་ཚང་བར་བརྗོད།།
མཚན་ཉིད་མཚན་བྱའི་གསལ་ཁ་ཧ་ཅང་བདེ།།

མཚོན་བྱ་ཡུལ་ལ་དབྱེ་བ་འདི་ལྟར་བསྟན།།
གཟུང་དང་ཞེན་དང་འཇུག་ཡུལ་རྣམ་པ་གསུམ།།
ཤེས་པ་ཁོ་ན་འཇུག་པའི་ཡུལ་ལ་ནི།།
གཟུང་ཡུལ་སྔོན་འཛིན་དབང་ཤེས་མཚན་གཞི་འཇོག།
ཇི་ལྟར་གཟུང་ཡུལ་ཡིན་པ་དེ་ལྟར་ཤེས།།

ཡུལ་གྱི་དབྱེ་་བའི་བྱེ་བྲག་ཞེན་ཡུལ་ནི།།
རྟོག་པའི་ཡུལ་ལ་བཅོལ་ཏེ་བཞག་པར་བརྗོད།།
གཟུང་ཡུལ་དབང་ཤེས་བརྒྱུད་པའི་སྣེ་མོ་ལ།།
རྟོག་པའི་ཞེན་ཡུལ་འཇོག་པའི་འདོད་པ་སྐྱེས།།
ཞེན་དང་གཟུང་ཡུལ་ཁྱབ་མཉམ་མ་ངེས་སྙམ།།

དེ་ནས་འཇུག་ཡུལ་ཇི་ལྟར་བསྟན་པ་ལ།།
ཚད་མའི་ཡུལ་ལ་ལྟོས་ཏེ་བཞག་པར་བརྗོད།།
གཟུང་དང་ཞེན་དང་འཇུག་ཡུལ་རྣམ་པ་གསུམ།།
དབྱེ་བ་དེ་ལྟར་ཕྱེ་བའི་གཏད་ས་ཡང་།།
ཡུལ་ཅན་བློ་ཡི་འཇུག་ཚུལ་ལྟོས་བ་ལགས།།


ད་ནི་ཡུལ་གྱི་དབྱེ་བའི་མཚན་ཉིད་རེ་རེ་བསྟན།།
འཛིན་པ་ལ་ནི་སྣང་རུང་བ་གཟུང་ཡུལ་ཉིད།།
རྟོག་པས་ཞེན་ཏུ་རུང་བ་ཞེན་ཡུལ་ལོ།།
ཚད་མས་རྟོགས་པར་བྱ་བ་འཇུག་ཡུལ་ཡིན།།
ཁྱད་པར་བསྟན་པའི་བློ་ཡི་འཇུག་ཚུལ་ལོ།།

རང་མཚན་དོན་སྤྱི་མེད་པ་གསལ་སྣང་བཅས།།
གཟུང་ཡུལ་ཡིན་པར་མཚོན་པའི་མཚན་གཞི་ཡིན།།
ཤེས་པར་རང་རྐྱ་འཕེར་བས་སྣང་བ་དེ་།།
རང་མཚན་ཡིན་གྱི་དེ་ལས་ལོག་པ་དེ་།།
མི་གསལ་དོན་་སྤྱི་མེད་པ་གསལ་སྣང་ནི།།
མེད་པའི་རྨི་ལམ་གསལ་བར་སྣང་བ་བཞིན།།

དངོས་བོ་ཞེན་ཡུལ་གཞི་མཐུན་གནས་བ་དང་།།
དངོས་མེད་ཞེན་ཡུལ་གཞི་མཐུན་གནས་བ་ནི་།།
དབྱེ་ངོ་ཞེན་ཡུལ་གང་གི་དབྱེ་གཞི་འཇོག།
ལྐོག་གི་མེ་དང་ནམ་མཁའི་པདྨོ་སོགས།།
ཞེན་ཡུལ་ཡིན་པར་མཚོན་པའི་མཚན་གཞི་འཇོག།

ཚད་མས་རྟོགས་པར་བྱ་བའི་འཇུག་ཡུལ་ལ།།
མངོན་ལྐོག་གཉིས་སུ་ཕྱེ་བའི་དབྱེ་གཞི་ལྡན།།
མངོན་སུམ་ཚད་མས་མངོན་གྱུར་གང་ལ་རྟོགས།།
རྗེས་དཔག་ཚད་མས་ལྐོག་གྱུར་གང་ལ་རྟོགས།།
མངོན་དཔག་མངོན་ལྐོག་དེ་ལྟར་དེ་ལྟར་རེད།།

བརྗོད་བྱ་རྗོད་བྱེད་ལུས་དང་རྣམ་ཤེས་འདྲ།།
གོ་བ་ཐམས་ཅད་བརྡ་ལས་གོ་བར་བྱེད།།
བརྡ་དང་ཐ་སྙད་མིང་ཚིག་ཡེ་གེ་བཅས།།
ཐོལ་གྱིས་ལྟོས་ན་འཁྲུག་འཁྲུག་ཡོད་ན་ཡང་།།
ཡེ་གེ་མིང་ཚིག་བརྗོད་པ་རིམ་གྱིས་བརྗོད།།

མིང་ལ་དབྱེ་ན་དངོས་མིང་བཏགས་མིང་གཉིས།།
ཤིང་དང་ཉི་མ་ལྟ་བུ་དངོས་མིང་དང་།།
ལྷ་ས་སངས་རྒྱས་ལྟ་བུ་བཏགས་མིང་འདོད།།
ད་དུང་མིང་གི་སྒྲ་དང་རིགས་ཀྱི་སྒྲ།།
དངོས་མིང་གང་གི་དབྱེ་ངོ་དགར་བ་ཡིན།།

མིང་གི་སྒྲ་ལ་ལྷས་སྤྱིན་མཚན་གཞི་འཇོག།།
རིགས་ཀྱི་སྒྲ་ལ་མི་ནི་མཚན་གཞི་འཇོག།
འདྲ་བ་རྒྱུ་མཚན་འབྲེལ་བ་རྒྱུ་མཚན་གཉིས།།
བཏགས་མིང་གང་གི་དབྱེ་བའི་དབྱེ་ངོ་ཡིན།།
མིང་ནི་བརྗོད་པ་དེ་ལྟར་དེ་ལྟར་ལགས།།

དཔངས་དང་མཐའ་རྒྱ་མཐོ་དང་ཡངས་བ་ཡི།།
མཐར་ཐུག་གནས་ལུགས་སྟོན་པའི་ཐ་སྙད་ལ།།
རང་ཚོད་རང་བློའི་སྟོབས་ཀྱིས་འཇུག་འཇུག་བྱས།།
འཁྲུལ་དང་མ་འཁྲུལ་ཡོད་པའི་བཅོས་ན་སྤྲོ།།

༢༠༢༢།༩།༩ཉིན་ལ།

No comments:

Post a Comment