Tuesday, September 6, 2011

སྒོ་ཡིན་གྱིས་སྤེལ་བའི་མིའི་རིགས་ཀྱི་དཀར་ཟས་བ་གྲགས་ཅན་བཅུ་ཞེས་བློ་ལ་བབས་པས་འདི་རུ་བཀོད་པ་ལགས་སོ

འགྲོ་བ་མིའི་རིགས་ཐོག་མར་ཆགས་པ་ནས་བཟུང་སྲོག་ལྡན་གཞན་གྱི་གཅེས་སྲོག་ལ་བརྒོལ་ནས་རང་ཉིད་ཀྱི་འཚོ་བའི་བླ་ཚེ་གསོ་བ་ནི་ད་ལ་ཐུག་པར་རྒྱུན་སྲོལ་དུ་ཆགས་ཤིང་།སྲོག་ལྡན་གཞན་ལ་བདེ་སྡུག་གི་ཚོར་བ་དང་དགའ་འདུན་གྱི་མོས་བློ།རང་གཅེས་ཀྱི་ཞེན་པ་བཅས་ཡོད་མེད་ཅི་ཡིན་ཡང་།འཇིག་རྟེན་ཁམས་སུ་འགྲོ་བའི་སྐྱེ་རྒྱུན་འབུས་པའི་དུས་སྐབས་ནས་རང་བྱུང་ཁམས་དང་དེར་མཉམ་སྐྱེས་ཀྱིས་འཚོ་བའི་དབུགས་ལྡན་རྣམས་ཀྱི་གྲས་ནས་མིའི་རིགས་ནི་དབང་ཐོབ་མཐོ་ཤོས་དང་དཔྱོད་པ་གོང་ལྡན་ལ་རང་གིས་རང་ཉིད་སྔ་མོ་ནས་བཞག་ཡོད་པ་རེད།
དེ་བས་མི་རྣམས་ཀྱིས་རང་གི་རིགས་རུས་མིན་པའི་སྲོག་ཆགས་ཕྲ་རགས་མཐའ་དག་ཀྱང་རང་གི་བཟའ་སྐལ་དུ་བརྩིས་ཤིང་།ཁོ་ཚོའི་ཤ་དང་ཁྲག་གི་རིན་ཐང་གིས་མི་རེ་རེས་མངའ་ཐང་བསྐྱེད་པ་དང་རྒྱལ་ཁ་བསུ་བ་སོགས་ཀྱི་ཇུས་ལམ་བསྐྲུན་དང་སྐྲུན་གྱིན་ཡོད་པས།གདོད་མའི་འཚོ་གཤིས་ཀྱིས་བསླད་པའི་འགྲོ་མིའི་སྲོལ་རྒྱུན་འདི་ཡིས་དུས་རབས་རེ་རེའི་ཀློང་དུ་སེམས་ལྡན་གཞན་གྱི་གཅེས་སྲོག་རྩིས་ཀྱིས་མི་ཟིན་པ་འཆི་ལམ་དུ་དེད་ནས་ཡོང་བ་དང་།ད་དུང་ཡང་ལོ་ངོ་བགྲང་ཡས་པའི་གཞུང་ལམ་དུ་འདི་ལྟར་འགྲོ་དགོས་པ་ནི་སྨོས་སུ་མེད།
དེ་ཡང་འུ་ཚོར་རང་ཉིད་རང་ལ་ཉེ་བའི་གཅེས་བྱམས་ཀྱི་བསམ་བློ་འཁོར་བ་ན།སྐབས་ཙམ་དུ་མིའི་རིགས་ལ་རྒོལ་བ་གཏོང་མི་ནུས་པའི་སྲོག་ཆགས་དེ་དག་ལ་འདོད་དང་མི་འདོད་པའི་ཚོར་བ་ཡོད་པ་ནི་ཤེས་ལ།རང་ཉིད་རྒུད་པར་སྐྲག་པ་དང་དར་བར་དགའ་བ་ནི་དེ་བས་ཀྱང་རྟོགས་ན།མི་རྣམས་ཁོ་ཚོའི་བཟའ་བཅའ་མ་ཡིན་པ་བཞིན་དུ་ཁོ་ཚོའང་མིའི་རིགས་ཀྱི་བཟའ་ཆས་སུ་རོལ་ན་ཁྱོན་ནས་མི་འགྲིག་ཅིང་།“བདེ་འདོད་སྡུག་འདོར”གྱི་ཀུན་ཁྱབ་ལྟ་ཚུལ་ངོས་ནས་ཁོ་ཚོས་ཀྱང་མིའི་རིགས་དང་འདྲ་མཉམ་གྱིས་རང་རང་གི་ལྷིང་འཇགས་ཀྱི་བདེ་སྐྱིད་དང་རྩོལ་སྒྲུབ་ཀྱི་འཚོ་གནས་སྣ་ཚོགས་ས་སྒང་འདིར་རོལ་ན་ཅིས་ཀྱང་མི་ཆོག་པ་ཅི་ལ་ཡོད།
འདི་ལྟར་རང་གི་དབུགས་རྒྱུན་གྱི་རིན་དོད་དང་གཞན་གྱི་མངའ་ཐང་གི་སྲོག་རྩར་གཅེས་པ་ཤེས་པའི་འགྲོ་བ་མིའི་གྲས་ཀྱི་དཔྱོད་ལྡན་པ་འགའ་རེར་ནི་སྔར་ནས་བསམ་བློ་འདི་ལྟས་ཟིན་ཡོད་ཁར།ཁོང་རྣམས་ཀྱིས་མིག་གིས་མི་ཟིན་པ་དང་བློ་ལ་མི་ངེས་པའི“དམྱལ་བའི”འཇིགས་པར་ཞེད་པས་རང་དོན་དུ་རང་ཁ་བསྡམས་པ་ཙམ་ཡང་མིན་པར།འགྲོ་བ་སྤྱིའི་བདེ་ཐང་དང་རིན་བཞག་གི་ཆ་ནས་གཞན་གྱི་སྲོག་དབུགས་བཅད་དེ་རང་གི་ལུས་ཁམས་འཚོ་བའི་རང་ལུགས་གཏན་དུ་དོར་བས་ན།དོན་དམ་པའི“འཇིག་རྟེན་འདྲ་མཉམ”གྱི་རྒྱལ་ས་མཐོན་པོར་འགྲེང་བའི་མི་ཆོས་ཀྱི་སྐྱེས་བུ་དེ་རྣམས་ནི་ཅི་འདྲའི་ཀུན་དཔྱོད་ཀྱི་བློ་གྲོས་ལྡན་པ་ལ།
སྐབས་ཐོག་འདིར་ཁོ་བོར་སྤུན་ཟླ་འགའ་ཞིག་གིས“རང་ཅག་ལ་མིའི་ཐོབ་ཐང་ཙམ་ཡང་མེད་ས་ནས་འགྲོ་བ་སྤྱིའི་ཁེ་ཐོབ(ཁོ་བོའི་སྐད་དུ་བཤད་ན‘འགྲོ་བའི་ཐོབ་ཐང’སྟེ།རྒྱས་པར་ཁོ་བོས་བྲིས་པའི་རྩོམ་རིང<རྒྱ་ནག་མྱུལ་བའི་ལམ་བར་དུ>སོགས་སུ་གསལ)ཅིག་ལ་བརྩོན་པར་བསྐུལ་བ་ནི་འགན་འཁྲི་གཡོལ་བའི་རྟགས་སུ་བརྩི”སྲིད་ཀྱང་།ཅི་སྟེ།ཉེ་བའི་ཟླ་འདི་དག་རིང་ལ་ཁོ་བོ་རྒྱ་མིའི་གྲོང་གི་དཀར་སྤྱོད་དྲྭ་དེབ་དང་དཀར་ཟས་ཁང(vegetarian restaurant素菜馆)འགའ་རེར་ལྟ་ཞིབ་ཏུ་ཕྱིན་ལ།དེ་ཀའི་ཕྱི་གཙང་ནང་གཙང་གི་དཀར་ཟས་རིགས་ཀྱི་བྲོ་བ་ལས་གཞན།དཀར་ཟས་རང་ལུགས་ཀྱི་ལག་དེབ་སྣ་མང་གི་ངོས་སུ་སྦྱར་བའི་སྐྱེས་བུ་འགའ་རེའི་མཚན་བྱང་ཡང་མཐོང་བས།ད་རེབ་དེ་དག་ལས་རང་ལ་སྔར་ནས་གསལ་ཆ་ཡོད་པ་ཁ་ཅིག་དམིགས་སུ་བཀར་ནས།ངོ་སྦྱོར་བསྡུས་པ་རེས་མཚམས་སྦྱར་བར་བརྟེན་མིའི་རིགས་ཀྱི་འཇིགས་སུ་རུང་བའི“དམར་སྤྱོད”ལམ་ལུགས་ལ་ད་ལྟ་ནས་ལག་བརྡ་གཏོང་དགོས་ལུགས་ཀྱི་འབོད་པ་བྱེད་ཀི་ཡིན་ལ།
དེའང་ཆོས་ལུགས་པ་ཁ་ཅིག་བཞིན་རང་ལ“ཕྱི་མའི་གནས”ཀྱི་སྐྲག་འཇིགས་དོག་གསུམ་གྱིས་བསྐུལ་ཏེ་གནས་སྐབས་ཀྱི་རྨོངས་དད་ལྟ་བུས་འོང་བ་མིན་པར།འགྲོ་བའི་ཁམས་ལ་དོན་དམ་པའི“ཚེ་སྲོག་འདྲ་མཉམ་གྱི་ཁོར་ཡུག”ཅིག་ཆགས་སུ་འཇུག་པ་ནི་ང་ཚོ་མི་རེ་རེའི་རང་སྟེང་གི་བདེན་ལུགས་བདོག་པའི་འོས་འགན་ཉག་གཅིག་ཏུ་སེམས་ལ།འདི་ཡི་དོན་དུ་འགྲོ་མི་སྒེར་བ་རེ་རེས“དམར་སྤྱོད”འཚོ་ལམ་ལ་འགོག་རྒོལ་དང་ཉུང་ཕྲི་བྱེད་རྒྱུ་ནི་གལ་གནད་དུ་འཇོག་དགོས་པར་སྙིང་ནས་འདོད།

   
    ནེའུ་ཐིན།(Newton,16421727)དབྱིན་ཇུའི་དངོས་ལུགས་རིག་པ་མཁན་དང་ཀུན་ལྡན་འཐེན་ཤུགས་གསར་རྙེད་མཁན།  བརྩམས་ཆོས«འོད་རིག་པ»སོགས་ཡོད།
   
    ཐོལ་སི་ཏོའེ།(Tolstoy,18281910)ཨུ་རུ་སུའི་རྩོམ་པ་བོ།  བརྩམས་ཆོས«དམག་འཁྲུག་དང་ཞི་བདེ»
སོགས་ཡོད།
    
    ནིས་ཆ།(Nietzsche,18441900)འཇར་མན་གྱི་མཚན་ཉིད་རིག་པ་མཁན།  བརྩམས་ཆོས«ཀུན་སྤྱོད་ཀྱི་མ་ལག་རྣམ་པར་བཤད་པ»སོགས་ཡོད།
   
    གན་དྷི།(Gandhi,18691948)རྒྱ་གར་མི་རིགས་ལས་འགུལ་གྱི་དབུ་ཁྲིད་པ།  བརྩམས་ཆོས«རྒྱ་གར་རང་སྲུང་རང་སྐྱོང»སོགས་ཡོད།
    
    ཨེན་སུ་ཏེན།(Einstein,18791955)ཨ་རིའི་དངོས་ལུགས་རིག་པ་མཁན་དང་ལྟོས་གྲུབ་སྨྲ་བའི་སྲོལ་འབྱེད་པ།  བརྩམས་ཆོས«སྒྲ་དོག་ཡངས་ཀྱི་ལྟོས་བཅས་རྣམ་བཤད»སོགས་ཡོད།
    
    བསུན་ཀྲུང་ཧྲན།(孙中山,18661925)རྒྱའི་ཉེ་རབས་གསར་བརྗེ་མཁན་དང“གོ་མིན” རང་ལུགས་མཁན།  བརྩམས་ཆོས«མི་སེར་དོན་གསུམ་རང་ལུགས»སོགས་ཡོད།
    
    མར་ཁུ་ལྗེ་ཁུ་ཞེན།(MichaelJackson,19582009)ཨ་རིའི་གླུ་བ་དང་འཛམ་གླིང་དེང་རབས་བྲོ་གཞས་གསར་གཏོད་མཁན།  བརྩམས་ཆོས«ངས་བསམ་ན་ཁྱེད་རང་ཕྱིར་ཡོང»སོགས་ཡོད།
   
    ཏེ་ཁར་ཕེས་ལུའུ་ཨོ།(DiKapuliao1974—)ཨ་རིའི་དེང་རབས་གློག་བརྙན་འཁྲབ་སྟོན་མཁན།  བརྩམས་ཆོས«ནེ་ཐྰ་ལེ་རྟགས་ཅན་གྱི་གྲུ་གཟིངས»སོགས་ཡོད།
    
    ལིས་ལན་ཅུའུ།(李连杰1963)རྒྱའི་དེང་རབས་གློག་བརྙན་འཁྲབ་སྟོན་མཁན།  བརྩམས་ཆོས«ཧྲོ་ལེན་དགོན་གྱི་དྲག་རྩལ»སོགས་ཡོད།
    
    ཤེའུ་ཤེས་ཡན། (徐熙媛和大S1976)རྒྱའི་དེང་རབས་གློག་བརྙན་འཁྲབ་སྟོན་མཁན་དང་གླུ་མ།  བརྩམས་ཆོས«ང་ཚོས་མཉམ་དུ་ཉི་འོད་བཙལ»སོགས་ཡོད།


  ཟུར་མཆན། བོད་ཡིག་སྟེང་དུ་རིགས་སྡེ་གཞན་གྱི་ཚིག་དོན་འབྲི་ཚུལ་གཅིག་གྱུར་ལ་དམིགས་ནས།  མིང་ཕལ་ཆེར་གྱི་སྒྲ་དོན་སྦྱོར་ལུགས«བདག་དཔེ་ཚོགས»ཀྱི་བཀོད་རིམ་བཞིན་བྱས་ཡོད།



རྩོམ་ཡོངས་ཀློག་པ།(340) | ལན་སློག(9)

No comments:

Post a Comment