ས་སྟེང་གི་སྨྲེང་བ
ལྗོན་ཤིང་འཆི་སྟེ་ལོ་མ་ས་ལ་ལྷུང་།།
འོད་ཟེར་ཉམས་པ་དར་གྱི་ཀློང་དང་འདྲ།།
སྲོག་གི་བམ་རོས་བརྫིས་བའི་ས་སྟེང་ལ།།
གསད་དང་འཆི་བའི་སྨྲེང་བ་སྟོད་ན་འཕྱོ།།
བཅོམ་དང་འཕྲོག་པའི་མུག་སྐད་བར་ན་མཆེད།།
གཡོ་སྒྱུ་ཁྲམ་པའི་སྐད་ཅོར་སྨད་ན་འཁྱུག།
བདེན་དང་ཞི་བ་ལྡོག་པའི་ས་སྟེང་རྫོབ།།
ཚིམ་པའི་ཁུ་བྱུག་ངག་གི་མཛེས་བ་དབེན།།
སྡུག་གུའི་མེ་ཏོག་ཚོགས་ཀྱི་དྲི་ཞིམ་ཉུང་།།
རྔམ་བརྗིད་ལྷུན་པོ་དག་གི་བརླིང་པ་ཉམས།།
མཛེས་དང་དཔལ་གྱི་སྟོང་བའི་ས་སྟེང་སྐྱོ།།
མཚན་ལ་ཟླ་བ་ཤར་ཡང་ནག་ཡུག་ཡུག།
ཉིན་ལ་ཉི་མ་ཤར་ཡང་གྲང་ཤུར་ཤུར།།
དཀར་ནག་སོ་མཚམས་བྲལ་བའི་ས་སྟེང་ལ།།
ཝ་སྐྱེས་རྒྱལ་བོ་གྱུར་འདི་ཡིད་རེ་མུག།
གཙང་བོ་ཐུར་ལ་བཞུར་ཡང་དྭངས་མས་སྟོང་།།
སྐྱེས་ཤིང་དགུང་ལ་ཟུག་ཀྱང་ལོ་མས་བྲལ།།
སྐྱེས་བོ་ཚོགས་དག་མང་ཡང་བརྩེ་བས་ཁེགས།།
གོར་མོ་རྡོ་ལ་འགྲན་པའི་ས་ཕྱོགས་སྐྱོ།།
རུས་རྐང་མེ་ལ་སྒྲོན་ཡང་དལ་འཇགས་སེ།།
བཀྲོས་སྐོམ་དུས་ལ་བཅད་ཀྱང་ཁུ་སིམ་སིམ།།
རང་སྲུང་ཁེ་ཕན་ཕྱོགས་ན་གྲིམ་རིག་རིག།
གཞན་གྱི་བདེན་པ་བརྫིས་བའི་གནས་ཕྱོགས་མཚར།།
མཚན་མོ་ངུ་སྟེ་སྐར་ཚོགས་ས་ཐོར།།
ཉིན་མོ་བགད་ཀྱང་ཟླ་བ་མཐོང་རེ་དཀོན།།
མེ་ཏོག་ཚོགས་ཀྱི་མགོ་བོ་དོང་ལ་དཔྱངས།།
ཟུར་གྱི་ཚེ་སྲོག་དག་རྣམས་ཉམས་རེ་ཆུང་།།
ས་ཆེན་ཁོག་གི་སྙིང་དམར་་གསོན་པོ་བྲུས།།
མཚོ་ཆེན་སེམས་ཀྱི་སྲོག་གི་རྒྱུ་བ་བཅོམ།།
ཧམ་པའི་མེ་ལྕེ་རྒོད་པའི་ས་སྟེང་ལ།།
བྱམས་པའི་སྦྲང་ཆར་དཀོན་པས་ཞེ་བློ་སྨྲེང་།།
སྟེང་གི་ཁང་ཁྱིམ་ཉི་ཟླ་རག་ལ་ཁད།།
འོག་གི་སྡོད་ཁང་ས་ཡི་སྙིང་བོ་ལ།།
ཐུག་ཐུག་ཡོད་ཡོད་འདྲ་བའི་ཉིན་མོ་འདིར།།
མི་སེམས་གདོན་གྱིས་བསླད་པ་སྣང་བ་སྐྱོ།།
མེ་ཏོག་གང་ཚང་བཞད་དེ་རྒྱས་བར་ཤོག
སེམས་པ་ཐམས་ཅད་བསྐྱེད་ཞིང་ཞི་བར་སྨོན།།
ཆུ་དང་གཙང་བོ་དག་ཅིང་དྭངས་མོར་རེ།།
རི་བོ་སྤང་ལྗོངས་མཛེས་ཤིང་སྡུག་པར་ཤོག།
ཚེ་སྲོག་ཕྲ་མོ་དག་ཀྱང་འཚོ་བར་སྨོན།།
བདེན་པའི་ཉི་ཟེར་སྒྲིབ་པ་བྲལ་བར་ཤོག།
འཛུམ་གྱི་ཆུ་མོ་དུས་བཞིར་འཁྱགས་མེད་སྨོན།།
གཤོག་འགྱུར་རྣམས་ལ་རང་དབང་ཐོབ་པར་ཤོག།
འཚོ་བར་གླུ་དང་གར་གྱིས་ཁྱབ་པར་ཤོག།
ས་སྟེང་སྐྱིད་པའི་རང་ཁྱིམ་གྱུར་བར་སྨོན།།
༢༠༡༠།༣།༢༨་ཉིན་ལ་།
No comments:
Post a Comment