ཉི་མ་སྐྱབས་དང་ཟླ་བ་སྐྱིད།
{རྟོག་སྒྲུང་ཡིག་བརྒྱ་མ}།བརྩེ་དུང་གི་མགོ་བོ་མང་པོ་བཏུམས་སེ་གཅོད་ཚུལ།
ཀྱག་ཀྱོག་ཡིན་ནཡང་།མི་བདེ་རྒྱུ་མེདཔའི་ལམ་ཕྲན་དེ་ནས་སྟོབས་ཀྱིས་མདུན་བསྐྱོད་བྱེད་བཞིན་པའི་མུ་དེར།གློ་རྡེག་ལ་སྙིང་དང་ཁྲག་ལྟར་དམར་བའི་མེ་ཏོག་ཅིག་ཉི་མ་སྐྱབས་ཀྱི་རྡོག་སྣེ་ལ་ལྷོད་ཀྱིས་ཟགས།དེ་བས།ཁོ་མཚར་མཚར་གྱིས་འདི་གང་ཡིན་ཅི་ཡིན་སྙམ་པའི་ཚམ་ཚོམ་རབ་རིབ་ཞིག་གིས་ཁོའི་ཡིད་སེམས་རྨང་ནས་བཟུང་ཏེ།མུ་ནས་མདུན་ལ་བསྐྱོད་མ་ནུས་པར་མགོ་བོ་གནམ་ལ་དགྱེས་ནས་ལྟ་དུས།ཁོ་དམར་ཤག་ཤག་གི་མེ་ཏོག་ཁྲི་མ་འབུམ་གྱིས་ཁེངས་ཡོད་བའི་ལྗོན་པ་ཆེན་པོ་ཞིག་གི་འོག་རོལ་ཏུ་སླེབས་འདུག།
ལྗོན་པ་དེ་ཡི་སྐེད་ལ་དབྱིབས་ནར་མོ་ཅན་གྱི་ཤིང་ལེབ་ཅིག་གི་སྟེང་དུ་{བརྩེ་ཆེན་ཤིང}་ཞེས་ཁ་དོག་དམར་པོ་དང་ཡིག་འབྲུ་ཆེན་པོ་ཡིས་བྲིས་ཏེ་བཀལ་འདུག།ཧ་ལམ་ལྗོན་པ་དེ་ཡི་མིང་ལ་{བརྩེ་ཆེན་ཤིང}་ཟེར་བཞིན་ཡོད་པ་འདྲ།
དེ་ནས།ཁོས་རང་ཉིད་ཀྱི་རྡོག་སྣེ་ལ་ཟགས་ཤིང་ད་དུང་དམར་མདངས་ཡལ་མེད་པའི་མེ་ཏོག་དེ་ལག་ཟུང་གིས་བརྩེ་བས་བླངས་ཏེ།ལྷོག་ལྷོག་ཏུ་ལྡིང་བའི་སྙིང་ཁར་སྦྱར་བ་ན།མེ་ཏོག་དེ་མདང་ཁོའི་རྨི་ལམ་ལ་འཁོར་བའི་{ཟླ་བ་སྐྱིད་}ཟེར་བའི་བུ་མོ་དེ་ལ་ཐོལ་གྱིས་འགྱུར།
དེ་ནས།མོའི་གདོང་ལ་མེ་ཏོག་གི་འདབ་ངོགས་ལྟ་བུའི་ཆེས་དྭངས་གཙང་གི་འཛུམ་མདངས་ཀྱིས་ཁེངས་ཏེ།ཁོའི་ལག་པ་ཚུར་ལ་འཐེན་ནས་མཛུབ་མགོར་འགྱུར་མེད་ཀྱི་མེ་ཏོག་གི་མཛུབ་དཀྲིས་ཤིག་བསྐོན་ཞོར།ཁོའི་གདོང་ལ་ཅེར་ཏེ།“ངས་ཡུན་རིང་ཞིག་ལ་ཁྱོད་ལ་སྒུག་ནས་བསྡད་པ་ཡིན།ད་ལྟའི་བར་ཏུ་ཁྱོད་རང་གང་དུ་སོང་བ་ཡིན།”ཞེས་བལ་ལྟར་འཇམ་ཞིང་གཞས་ལྟར་སྙམ་པའི་སྐད་ངག་གིས་དེ་ལྟར་དྲིས།ད་དུང་།“མདང་ཡང་ང་ཁྱོད་ཀྱི་གམ་ལ་ཡོང་བ་ཡིན་མོད།ཁྱོད་ཀྱིས་ང་རང་མཐོང་མ་སོང་།ལྟོས་མ་སོང་།”ཞེས་བརྗོད།
ཉི་མ་སྐྱབས་ཀྱི་སེམས་ངོགས་སུ་ཡང་དབང་མེད་དུ་དགའ་སྐྱོ་ཟུང་གི་ཚོར་བ་མངར་སྐྱུར་ལྟ་བུ་ཞིག་སྐྱེས་ཏེ།མིག་ལ་མཆི་མས་ཁེངས་ཏེ་འོད་ཁྲིག་ཁྲིག་ཏུ་གྱུར་ཡང་།སྣང་བ་ནི་མག་མོག་དང་རབ་རིབ་ཏུ་གྱུར་ཞོར།ཟླ་བ་སྐྱིད་ལ་ཤུགས་ཀྱིས་འཐམས་འཁྱུད་བྱས་ཏེ།ལྷོག་ལྷོག་ལྡིང་བའི་སྙིང་ཁ་མོ་ཡི་བྲང་གཞུང་ལ་གཏད་པ་ན།མོས་ཀྱང་ཚུར་ལ་ཤུགས་ཀྱིས་འཐམས།བར་སྐབས་འདིར།ཏག་ཏག་གི་བར་སྐབས་འདིར།ཉི་མ་སྐྱབས་ལ་ཡུན་རིང་ལ་བོེར་སོང་བའི་རང་ཉིད་ཀྱི་ཕྱེད་ཀ་ཚུར་རྙེད་སོན་བྱུང་བའི་ཚོར་བ་རྣོན་པོ་ཞིག་དྲག་ཏུ་སྐྱེས།
འདི་ལྟར་ཡུན་ཙམ་འགོར་རྗེས ………………..
སྐར་མ་འཚོ་ཡིས་ལམ་སྣེ་དེ་ནས་ཉི་མ་སྐྱབས་ལ་ཤུགས་ཀྱིས་སྐད་འབོད་ཅིག་བྱས་མ་ཐག།ཟླ་བ་སྐྱིད་མཇའ་ལྟར་ཡལ་ཏེ་སྔར་གྱི་མེ་ཏོག་དམར་པོ་དེ་འགྱུར།སྐར་མ་འཚོ་ཡིས་“མགྱོགས་པོ་་་་མགྱོགས་པོ་བྱོས།ཚང་མ་འགྲོ་ཚར་འདུག་”ཅེས་འབོད་ཞོར་ད་དུང་ལག་གཡུགས་ཀྱང་བྱེད་ཀྱིན་འདུག
ཉི་མ་སྐྱབས་ཀྱིས་་ཅི་ཞིག་བརླག་སོང་བ་ལྟར་ཕྱོགས་བཞི་ལ་མིག་གིས་བཙལ་འཚོལ་ཞིག་བྱེད་བཞིན་་སྙིང་གི་ཕྱེད་ཀ་བཀོག་པ་ལྟ་བུའི་ན་ཟུག་ལྕི་མོ་ཞིག་ཁོག་ཏུ་བཅུག་ནས།སྔར་བཞིན་ཀྱག་ཀྱོག་ཡིན་ནཡང་།མི་བདེ་རྒྱུ་མེདཔའི་ལམ་ཕྲན་དེ་ནས་སྟོབས་ཀྱིས་མདུན་དུ་བསྐྱོད།
ཉིས་སྟོང་བཅུ་གཉིས་སྤྱི་ཟླ་ལྔ་བའི་ཚེས་ཅོ་བརྒྱད་ཉིན།
No comments:
Post a Comment