Tuesday, August 7, 2012

རྒྱུ་ནོར་འཚོལ་བ།                 
རྒྱ་ཡིག་གི<<སྒྲུང་ཐུང་ཁྲོད་ཀྱི་ཚེ་སྲོག་གི་གཏན་སྲོལ་༡༩༢>>ཞེས་པ་ལས་བསྒྱུར།
---“བདེ་ཐང་དང་ཚེ་སྲོག་གཉིས་ནི་མི་ཚེ་ནང་གི་ཆེས་རྩ་ཆེ་བའི་རྒྱུ་ནོར་དེ་ཡིན།”
ན་གཞོན་ཞིག་ལ་རྒྱུ་མ་འཁོར་བ་མ་ཟད་ཁ་ལས་རླུང་རྟ་ཡང་མ་དར་བས།རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ཀྱིས་འཁང་ར་བྱས་ཏེ།རྟག་པར་གདོང་ལ་སྡུག་གི་མདུད་པ་དགུ་བརྩེགས་རྒྱབ་ནས་བསྡད།

ཉིན་ཞིག་སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་སོང་ཞིག་སླེབས་ཏེ་འདྲི་དོན།
“ཕོ་གསར། གདོང་མེ་ལོང་འདྲ་བོ་ལ་སྡུག་གི་གཉེར་མས་ཁེངས་དོན་ཅི”
“ངས་ཤེས་མ་སོང་།ང་འདི་འདྲའི་དབུལ་ཞིང་མེད་པོ་ཞིག་ཡིན་དོན་ཅི་ཡིན་ནམ”
“མེད་པོ??ཁྱོད་ཧ་ཅང་ཕྱུག་པོ་རེད་ལགས”
“དེ་ག་རེ་གསུངས་ཀྱིན་ཡོད་དམ”
བགྲེས་སོང་གིས་ཐབས་ཀྱིས་བརྗོད་དོན།
“གལ་སྲིད།དེ་རིང་ཁྱོད་ཀྱི་མཛུབ་མོ་གཅིག་བཅད་ན།སྒོར་མོ་ཆིག་སྟོང་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ”
“བྱེད་མི་སྲིད”
“གལ་སྲིད།ཁྱོད་ཀྱི་ལག་པ་གཅིག་གཏུབ་ན།སྒོར་མོ་ཆིག་ཁྲི་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ”
“བྱེད་མི་སྲིད”
“གལ་སྲིད།ཁྱོད་ཀྱི་མིག་འབྲས་གཉིས་བྲུ་ན།སྒོར་མོ་འབུམ་གཅིག་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ”
“བྱེད་མི་སྲིད”
“གལ་སྲིད།ཁྱོད་རང་རྒན་པོ་ལོ་བརྒྱད་ཅུ་ཅན་ཞིག་ན་བསྒྱུར་ན།སྒོར་མོ་ས་ཡ་གཅིག་སྟེར་ཟེར་ན།ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ”
“བྱེད་མི་སྲིད”
“གལ་སྲིད།ད་ལྟ་ཁྱོད་ཀྱིས་འཕྲལ་དུ་རང་སྲོག་གཅད་ན།སྒོར་མོ་དུང་ཕྱུར་གཅིག་སྟེར་ཟེར་ན།ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ”
“བྱེད་མི་སྲིད”
“འོ་ན་ད་འགྲིག་འདུག།ཁྱོད་ལ་མངའ་བའི་སྒོར་མོ་ནི་དུང་ཕྱུར་གཅིག་ལས་བརྒལ་འདུག།ད་དུང་ཁྱོད་ཀྱིས་རང་ཉིད་ནི་དབུལ་བོ་ཡིན་པའི་རང་ཉིད་ལ་འཁང་ར་བྱེད་ཀྱིན་ཡོད་དམ”ཞེས་བགྲེས་སོང་དེ་ཡིས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བརྗོད་མཐར།ན་གཞོན་དེ་ཁ་རོག་གེར་ཚུགས་ཀ་ལས་ཅི་ཞིག་བློས་དཔོག་སོང་བ་ལྟ་བུའི་ཉམས་སྣང་ཞིག་མངོན།

No comments:

Post a Comment