ལེའུ་དང་པོ། སློབ་གསོའི་བྱེད་ནུས།
j.krishnamurti
སློབ་གསོའི་སྙིང་དོན་ཅི་ཞིག་ཡིན་པ་མི་ག་ཚོད་ཅིག་གིས་རང་ཉིད་ལ་དྲིས་མྱོང་ཡོད་མེད་ང་ཡིས་མི་ཤེས།ང་ཚོ་ཅི་ཕྱིར་སློབ་གྭ་ལ་འགྲིམས་ཏེ་སློབ་ཚན་འདྲ་མིན་ལ་སྦྱངས་བརྩོན་བྱེད་ཀྱིན་ཡོད་དམ།ཅི་ཕྱིར་རྒྱུགས་སྤྲོད་ལ་ཞུགས་ཏེ་ཕན་ཚུན་ལ་སྐར་གྲངས་ཀྱི་མཐོ་དམའ་མཚུངས་བསྡུར་བྱེད་ཀྱིན་ཡོད་དམ།སློབ་གསོ་བརྗོད་ཀྱིན་གང་ཞིག་ལ་དོན་གྱིས་སྙིང་བོ་ཅི་ཞིག་ལྡན་ནམ།དེ་ལ་གཏམས་པ་ཡང་ཅི་ཞིག་ལགས།འདི་ནི་ཆེས་གནད་འགག་ཆེ་བའི་དྲི་རྟགས་ཤིག་ཏེ།དེ་ཡང་སློབ་གཉེར་བ་ཁོ་ན་ཙམ་མ་ཡིན་པར་ད་དུང་འཛམ་བུ་གླིང་འདིར་དུངས་ཁ་ཟབ་པའི་མི་ཡོད་དོ་ཅོག་ལ་དེ་ལྟར་ལགས་སོ།
ང་ཚོས་ཅི་ཕྱིར་འགྲན་རྩོད་ཀྱི་གོ་རོམ་བརྒྱུད་དེ་སློབ་གསོ་མྱོང་གིན་ཡོད་དམ།སློབ་གསོ་མྱོང་བ་ནི་ཡིག་རྒྱུགས་འཕྲོད་པ་ཙམ་ཞིག་དང་ལས་ཀ་ཞིག་རག་རྒྱུའི་ཁོ་ནའི་དོན་དུ་ཨེ་རེད།ཡང་ན་ང་ཚོ་གཞོན་དུས་ནས་མི་ཚེ་ཡི་བརྒྱུད་རིམ་གང་ཚང་ཤེས་རྟོགས་བྱེད་པའི་ཕྱིར་ཏུ་ཡིན་ནམ།ལས་ཀ་ཞིག་རག་སྟེ་འཚོ་བ་སྐྱེལ་བ་ནི་ངེས་གཏན་རེད་མོད།དེ་ཡོད་ཚད་ཡིན་ནམ།ང་ཚོས་སློབ་གསོ་མྱོང་བ་ཡང་འདི་གཅིག་པུའི་ཆེད་དུ་ཡིན་ནམ།
ཧ་གོ་དོན་གསལ་ཞིག་ལ།ཚེ་སྲོག་<life,,མི་ཚེ>ནི་ལས་ཀ་དང་འཚོ་ཐབས་ཙམ་ཞིག་མིན་ཏེ།གཏིང་ཟབ་ཅིང་མཐའ་ཡངས་བ་ད་དུང་གབ་ཚིག་ཆེན་པོ་ཞིག་ཀྱང་རེད།དེ་བས་ཁོད་ཡངས་བའི་ཞིང་ཁམས་འདི་ནས་ང་ཚོ་མི་ལྟར་འཚོ་དགོས།གལ་སྲིད་ང་ཚོ་གསོན་པོར་གནས་བའི་རྒྱུ་མཚན་ནི་འཚོ་བ་ཁོ་ནའི་ཆེད་དུ་ཡིན་ན།ང་ཚོའི་ཚེ་སྲོག་གི་ཀླད་ཀྱི་གནད་ཅིག་དང་དཀྱིལ་གྱི་སྙིང་བོ་ཞིག་ཤོར་འགྲོ་བཞིན་ཡོད་པ་རེད།དེ་བས་ཚེ་སྲོག་ལ་རྒྱུས་ལོན་དང་མཐིལ་རྟོགས་བྱེད་པ་ནི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་པ་དང་།རྩིས་རིག་དང་དངོས་ཁམས།ཡང་ན་རིག་ཚན་གཞན་གང་ཞིག་བྱང་ཆུབ་པ་ལས་ཀྱང་གལ་ཆེན་ཡིན་ལ་དོན་ཆེན་ཡང་ཡིན།
དེར་བརྟེན།སློབ་གསོ་ཅི་ཕྱིར་སྤྲོད་པ་དང་།སློབ་གསོ་ཅི་ཕྱིར་མྱོང་དགོས་བའི་ཕུགས་ཀྱི་གཏད་ས་ཅི་ཞིག་ཡིན་པ་དེ།དགེ་རྒན་དང་སློབ་མ་སུ་ཡིན་ཡང་སོ་སོས་རང་ཉིད་ལ་ཚ་འདྲི་བྱེད་དགོས་པ་དེ་གནད་འགག་ཅིག་མ་ཡིན་ནམ།
ཡང་སྙིང་ཚེ་སྲོག་ནི་ཅི་ཞིག་ཡིན་ནམ།དེ་ནི་ཁྱད་མཚར་བོ་ཞིག་མ་རེད་དམ།འཕུར་ཀྱིན་པའི་བྱ་དང་ལྷམ་མེར་བཞད་པའི་མེ་ཏོག།སྔོ་ལྗང་ལྗང་གི་སྐྱེས་ཤིང་།སྔོ་སང་སང་གི་ནམ་མཁའ་།ཁྲ་ཆིལ་ལེ་ཡི་སྐར་ཚོགས།ལྷུང་ལྷུང་འབབ་པའི་གཙང་བོ་དང་ཉམས་ཀྱིས་འཁྱུག་པའི་ཉ་མོ།མདོར་ན་འདི་ཐམས་ཅད་པོ་ཚེ་སྲོག་ཡིན་ཞིང་།ཚེ་སྲོག་ནི་དབུལ་བོ་དང་ཕྱུག་པོ་ཡང་ཡིན།ཚེ་སྲོག་ནི་ཚོགས་སྡེ་དང་རིགས་རུས།རྒྱབ་ཁབ་ཕན་ཚུན་བར་གྱི་ནམ་ཡང་འཇགས་མི་སྲིད་པའི་གཡུལ་འགྱེད་དེ་ཡང་ཡིན།ཚེ་སྲོག་ནི་སེམས་ཀྱི་ཟུར་ཅིག་དང་བློ་ཡི་སྣེ་ཞིག་ལ་སྦས་ཡོད་པའི་ཆོས་ལུགས་ལ་བརྗོད་པ་དེ་ཡང་ཡིན།ད་དུང་དེ་ལ་ཧམ་སེམས་དང་ཡིད་སྨོན།འཁོལ་སེམས་དང་ཞེད་སྣང་།ཐོབ་སེམས་དང་སྐྱོ་ངལ་སོགས་ཀྱང་འདུས་ནས་ཡོད།འདི་ཐམས་ཅད་པོ་དང་ད་དུང་གཞན་མང་པོ་ཡང་ཚེ་སྲོག་རེད་མོད།།འོན་ཀྱང་།ང་ཚོས་རྟག་པར་ཚེ་སྲོག་གི་གྲུ་ཟུར་ཙམ་ཞིག་གི་གོ་རྟོགས་རྙེད་པ་ལ་སྟ་གོན་དང་འབད་རྩོལ་ཙམ་བྱེད་ཀྱིན་འདུག
ང་ཚོས་རྒྱུགས་སྤྲོད་བརྒྱུད་དེ་ལས་ཀ་ཞིག་བཙལ་བ་དང་།དེ་ནས་གཉེན་སྒྲིག་བྱས་ཏེ་བྱིས་པ་ཞིག་བཙས་བ་ནས་བཟུང་།ང་ཚོ་འཚོ་བཞིན་འཚོ་བཞིན་འཕྲུལ་ཆས་ཤིག་དང་ཀུན་ནས་མཚུངས།ད་དུང་ང་ཚོ་ཚེ་སྲོག་ལ་{འཚོ་བ་}ཞེད་སྣང་དང་སེམས་འཚབ་སྔར་བཞིན་གདའ་།དེ་བས་མི་ཚེ་ཧྲིལ་བོའི་བརྒྱུད་རིམ་ཇི་འདྲ་ཡིན་པ་ཤེས་རྟོགས་བྱེད་དུ་འཇུག་པ་དེ་སློབ་གསོའི་ཕུགས་ཀྱི་དམིགས་འབེན་དེ་མ་ཡིན་ནམ།ཡང་ན་སློབ་གསོའི་གཏད་སོ་དེ་ལས་ཀ་སྤུས་དག་ཅིག་དང་ལས་གནས་མཐོ་པོ་ཞིག་རག་པར་བྱེད་པའི་སྟ་གོན་ཁོ་ནའི་ཆེད་དུ་ཡིན་ནམ།
ང་ཚོ་ཉིན་རེ་ནས་མཚར་ཏེ་དར་མ་དང་རྒན་པ་ལ་འགྱུར་དུས་དོན་དག་ཅི་ཞིག་འབྱུང་སྲིད་དམ།ཁྱོད་ཀྱིས་རང་ཉིད་ནར་སོན་རྗེས་ལས་ཀ་ཅི་ཞིག་བསྒྲུབ་རྒྱུ་ཡིན་པའི་དྲི་བ་དེ་རང་ཉིད་ལ་དྲིས་མྱོང་ངམ།ཆེས་ཆེ་བའི་ངེས་པ་དེ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་གནས་བབས་གཏན་འཇགས་མ་བཟོས་སྔོན་ལ་གཉེན་སྒྲིག་བྱས་ཏེ།ཨ་མ་དང་ཨ་ཕ་ལ་ཡང་འགྱུར་སྲིད་པ་དེ་རེད།དེ་ནས་ཁྱོད་རང་ལས་ཀ་ཙག་ཙིག་ཅིག་དང་ཐབ་ཚང་ཆུང་ཆུང་ཞིག་གིས་ཐག་པས་བསྡམས་བསྡམས་བྱས་ཏེ།མེ་ཏོག་དང་ལོ་མ་ལྟར་གཉིད་དེ་རྒུད་འགྲོ།འདི་ཁྱོད་ཀྱི་འཚོ་བའི་ཡོངས་རྫོགས་ཡིན་ནམ།དྲི་བ་འདི་ཁྱོད་ཀྱིས་རང་ཉིད་ལ་དོགས་འདྲི་བྱས་མྱོང་ངམ།དེ་ཁྱོད་ཀྱིས་རང་ཉིད་ལ་དོགས་འདྲི་བྱེད་འོས་བ་ཞིག་རེད་མ་རེད།གལ་ཏེ་ཁྱོད་ལ་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་མངའ་སྟེ་ངེས་གཏན་གྱི་ལས་ཀ་ཞིག་ཡོད་པ་དང་།ཡང་ན་ཕ་མའི་སྟོབས་ཀྱིས་ཁྱོད་ལ་ལས་ཀ་དང་གོ་གནས་ཤིག་ཐོབ་པ།གཉེན་སྒྲིག་གི་རྐྱེན་བྱས་ཏེ་ཁྱོད་རང་སྟོབས་འབྱོར་ཅན་ལ་འགྱུར་སྲིད་ཀྱང་།ཁྱོད་ནི་སྔར་བཞིན་ཕན་ཉེས་དང་ཉམས་རྒུད་ལ་ཕྱོགས་འགྲོ།ཁྱོད་ཀྱི་གནད་འདི་ཨེ་ཤེས་ལགས།
ཀུན་གསལ་ལྟར།སློབ་གསོ་ཡིས་ཚེ་སྲོག་གི་གྲུ་ཟུར་དང་ངོས་མཐའ་།ད་དུང་དེ་ཡི་ཁྱད་འཕགས་ཀྱི་མཛེས་སྡུག་དང་དགའ་སྐྱོ་སོགས་རྟོགས་པར་བྱེད་པའི་བསྡོངས་གྲོགས་བྱེད་མ་ནུས་ཚེ།དེ་ལ་སྙིང་བོས་དབེན་ཞིང་དོན་གྱིས་སྟོང་བའོ།
ཁྱོད་ལ་ཡོད་ཚད་ཐོབ་ཀྱང་སྲིད།ཁྱོད་ལ་གང་ཞིག་ནས་ལས་ཀ་ཡང་རག་སྲིད།དེ་ནས་ཅི་ཞིག་བྱ།གལ་སྲིད་བརྒྱུད་རིམ་དེ་དག་གི་ཁྲོད་ནས་ཁྱོད་ཀྱི་རིག་པ་རྡིབ་བོ་དང་ཉམས་རྒུད།འཐོམས་སྤྲིད་དུ་གྱུར་ཚེ།ཚེ་སྲོག་གི་ཡང་སྙིང་ཅི་ཞིག་ཡིན་སོང་།དེའི་རྐྱེན་གྱིས་ཁྱོད་རང་ལོ་ན་གཞོན་དུས་ནས་ཚེ་སྲོག་ནི་ཅི་ཞིག་ཡིན་པའི་གོ་བ་སེམས་ལ་ངེས་ན་འོས་སམ་མི་འོས།
སློབ་གསོ་ཡི་དོན་གྱི་སྙིང་བོ་ནི་ཁྱོད་ཀྱི་ཤེས་རབ་འཕེལ་བར་གསོ་སྐྱོང་བྱས་ཏེ་དྲི་བ་ཐམས་ཅད་གྱི་དྲི་ལན་འཚོལ་རྒྱུ་དེ་མ་ཡིན་ནམ།ཤེས་རབ་ནི་ཅི་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ།དེ་ནི་ནུས་པ་ཞིག་སྟེ།ཁྱོད་ལ་འཇིགས་སྣང་དང་གཏན་སྲོལ་ལ་སོགས་ཅི་ཡང་མེད་པའི་སྒོ་ནས་བསམ་བློའི་རང་དབང་སྟོབ་པར་བྱེད་ཞིང་།བདེན་པའི་ཆོས་དངོས་ཅི་ཞིག་ཡིན་པ་དེ་ཡང་ངེས་རྟོགས་བྱེད་ཐུབ།འོན་ཀྱང་།ཁྱོད་ཀྱི་བློ་ལ་ཞེད་སྣང་གིས་ཁེངས་ཡོད་ན།ཁྱོད་ཀྱི་བློ་གྲོས་རྒྱས་མི་སྲིད་ལ་ཤེས་རབ་ཀྱང་འཕེལ་མི་ཐུབ།ཕྱི་དངོས་པོ་དང་ནང་བསམ་བློ་གང་གི་ཐད་ལ་ཡང་འདོད་རྔམ་གྱི་བློ་ཇི་ལྟར་ཆེ་ན།བློ་ལ་བྲེད་ཤ་དང་སེམས་ལ་དཀའ་ཚེགས་ཀྱིས་ཁེངས་འགྲོ།དེ་བས།འདོད་རྔམ་གྱི་བློ་ཡིས་གསལ་ ཐང་ཐང་དང་བདེ་ཐང་ཐང་གི་སེམས་བྱུང་ཞིག་སྦྱིན་མི་ནུས་ཤིང་།ཤེས་རབ་དང་བློ་གྲོས་འཕེལ་བར་བྱེད་པ་ཡང་སྲིད་མཐའ་ཙམ་ལགས།
ཁྱོད་ཀྱིས་ཤེས་གསལ་ལྟར།ཁྱོད་རང་ལོ་ན་ཕྲ་དུས་སུ་ཞེད་སྣང་དང་བྲལ་བའི་ཁོར་ཡུག་ཅིག་ནས་འཚོ་གཞེས་བྱེད་དགོས་པ་དེ་ནི་ཇི་འདྲའི་གལ་ཆེན་ཞིག་རེད་ཨང་།ང་ཚོ་མང་མང་ཞིག་ལོ་ཚོད་ཆེ་ལ་ཕྱོགས་དུས་ཚང་མའི་བློ་ལ་ཞེད་སྣང་གིས་ཁེངས་བར་གྱུར་འགྲོ་སྟེ།འཚོ་གཞེས་ཀྱི་ཞེད་སྣང་།ཡོད་པ་ཅི་ཞིག་ཤོར་འགྲོ་བའི་ཞེད་སྣང་།སྲོལ་རྒྱུན་དང་གོམས་སྲོལ་གྱི་ཞེད་སྣང་།ཁྱིམ་མཚེས་དང་བཟའ་ཟླའི་ཅ་ཅོ་ཡི་ཞེད་སྣང་།ད་དུང་འཆི་བའི་ཞེད་སྣང་།གང་ལྟར།ང་ཚོ་མང་ཆེ་ཤོས་ལ་ཚུལ་དང་རྣམ་པ་མི་འདྲ་བའི་སྒོ་ནས་ཞེད་སྣང་འདུག།དེ་བས།ཞེད་སྣང་ཇི་ལྟར་ཡོད་ན་དེ་ལྟར་བློ་གྲོས་དང་ཤེས་རབ་རྒྱས་མི་སྲིད།
ང་ཚོ་ལོ་ན་གཞོན་དུས་སུ་འཇིགས་སྣང་དང་ཞེད་སྣང་ལས་འགོངས་ཏེ།རང་དབང་ལྡན་པའི་ཁོར་ཡུག་ཅིག་ནས་འཚོ་ཞིང་གཞེས་ནས་འཚོ་བའི་སྔ་གཞུག་སོགས་རྟོགས་པའི་ངེས་པ་ལྡན་ནམ་མི་ལྡན།
ཚེ་སྲོག་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།དེ་ནི་ང་ཚོས་ཅི་ཞིག་མི་སྡུག་པ་བཟོས་ཡོད་བ་དེ་མ་རེད།ཆོས་ཚོགས་ཀྱི་ཆོས་ལུགས་དང་སྲོལ་རྒྱུན།ད་དུང་མིག་སྔར་གྱི་ཉམས་རྒུད་།མདོར་ན་ཁྱོད་ཀྱིས་ཆོས་དངོས་མཐའ་དག་ལ་གསར་བརྗེ་བྱས་པའི་རྗེས་ནས།ད་གཟོད་ཁྱོད་ཀྱིས་ཚེ་སྲོག་གི་ཕུན་སུམ་ཚོགས་པའི་ཆ་དང་གཏིང་ཟབ་པའི་ཕྱོགས།ཡིད་དུ་འོང་བའི་གནས་ལ་སེམས་ཀྱིས་རོལ་མྱོང་བྱེད་ཐུབ།དེ་ནས་མི་བུ་ཞིག་གི་ལངས་ཕྱོགས་ཀྱི་སྒོ་ནས་བདེན་ལུགས་ནི་ཅི་ཞིག་ཡིན་པའི་འཚོལ་ཞིབ་བྱེད་པ་ལས་གཞན་ལ་ལད་ཟློས་མི་བྱེད་པ་དེ་ནི།དོན་གྱི་སློབ་གསོ་ལ་བརྗོད།
སྤྱི་ཚོགས་དང་དགེ་རྒན།ཕ་མ་བཅས་ཀྱིས་ཁྱོད་ལ་ཅི་ཞིག་གསུངས་བ་དེ་ཁྱོད་ཀྱིས་ཁ་ལེན་ཚིག་བརྩི་བྱེད་པ་དེ་ནི་ལས་སླ་སྟེ།དེ་ནི་ཆེས་བདེ་འཇགས་དང་ཆེས་སྟབས་བདེ་ངང་འཚོ་བའི་ལམ་ཁ་ཞིག་རེད།འོན་ཀྱང་།དེ་ནི་འཚོ་བ་རང་མིན་ཏེ།དེ་ཡི་ཁྲོད་ན་ཞེད་སྣང་དང་ཕམ་ཉེས།ད་དུང་འཆི་བ་ཡང་མངའ་བས་སོ།
གསོན་པ་ནི་བདེན་ལུགས་ལ་འཚོལ་ཞིབ་བྱེད་པ་དེ་ཡིན་ཞིང་རང་དབང་གི་ཁྲོད་ནས་ད་གཟོད་དེ་སྒྲུབ་ནུས་པ་ཞིག་ཡིན་ལ།ཡང་ན་ཁྱོད་ཀྱི་ནང་སེམས་ལ་ཟམ་མ་ཆད་པར་གསར་བརྗེ་སྤེལ་བའི་ཚེ་ན་ད་གཟོད་དེ་སྒྲུབ་ཐུབ་པ་ཞིག་ཀྱང་ཡིན།
འོན་ཀྱང་།ཁྱོད་ལ་སུ་ཞིག་གིས་ཀྱང་དེ་སྒྲུབས་ཤིག་ཟེར་བའི་སྐུལ་འདེབས་མེད་ཅིང་།སུ་ཞིག་གིས་ཁྱོད་ལ་དོགས་འདྲི་བྱས་ཏེ་དཀོན་མཆོག་<GOD>ནི་ཅི་ཞིག་ཡིན་པའི་དྲི་ལན་ཡང་འཚོལ་དུ་འཇུག་མི་སྲིད།གལ་སྲིད་ཁྱོད་ཀྱིས་རྒྱབ་གཏོད་བྱས་ན།ནོར་འཁྲུལ་ཡོད་ཚད་ལ་ཁ་གཏད་བྱེད་དགོས།ཁྱོད་ཀྱི་ཕ་མ་དང་སྤྱི་ཚོགས་ཀྱིས་ཁྱོད་རང་བདེ་འཇགས་ཀྱིས་འཚོ་ན་སྙམ།ཁྱོད་ཀྱིས་ཀྱང་རང་ཉིད་བདེ་བར་གནས་ན་བསམ།འོན་ཀྱང་།བདེ་འཇགས་ཀྱི་འཚོ་བས་སྤྱིར་བཏང་གི་མཚོན་པ་ནི་ལད་ཟློས་ཡིན་ཞིང་།དེ་ནི་ཞེད་སྣང་གི་ཁྲོད་ན་འཚོ་བའི་སྟབས་ཀྱིས་ཡིན།དེ་བས་ཀུན་གསལ་ལྟར།སློབ་གསོའི་དམིགས་དོན་ནི་ང་ཚོའི་འཚོ་བ་ལ་རང་དབང་ལྡན་ཞིང་ཞེད་སྣང་དང་བྲལ་བའི་སྒོ་ནས་འཚོ་བར་བསྡོངས་གྲོགས་བགྱི་བ་དེ་མ་ཡིན་ནམ།ཞེད་སྣང་བྲལ་བའི་འཚོ་གནས་ཤིག་བསྐྲུན་པར་ཁྱོད་དང་ཁྱོད་ཀྱི་དགེ་རྒན།ད་དུང་ཤེས་ཡོན་པ་ཚོས་ལྷན་དུ་བསམ་གཞིགས་འབེལ་བོ་ཞིག་བྱེད་དགོས་ཨང་།
ཞེད་སྣང་བྲལ་བའི་འཚོ་གནས་ཤིག་བསྐྲུན་པ་ནི་ཅི་འདྲའི་རླབས་ཆེན་གྱི་ལས་དོན་ཞིག་རེད་ལགས།ཁྱོད་ཀྱིས་དེ་ཡི་སྙིང་དོན་ཅི་ཞིག་ཡིན་པ་ཤེས་སམ།ང་ཚོས་ངེས་པར་ཏུ་དེ་འདྲའི་འཚོ་གནས་ཤིག་བསྐྲུན་དགོས་ཀྱིན་འདུག།རྒྱུ་མཚན་ནི་གནམ་འོག་ལ་འཐབ་རྩོད་ཀྱི་རྒྱུན་ཆད་ཀྱིན་མེད་པས་རེད།དེ་ནི་ནམ་ཡང་སྟོབས་ཤུགས་ལ་སྙེག་གིན་ཡོད་པའི་ཆབ་སྲིད་པ་དང་ཁྲིམས་རྩོད་པ།གཉེན་རྟོག་པ་དང་དམག་མི།ད་དུང་ཐོབ་དང་གོ་ས་རྩོད་ཀྱིན་ཡོད་པའི་འདོད་རྔན་ཅན་གྱི་སྐྱེས་ཕོ་མོ་དག་གི་ཉེར་ལེན་གྱི་འབྲས་བུ་རེད།གཞན་ཡང་བླ་མ་དང་ཁོང་གི་རྗེས་འཇུག་པ་ཚོས་ཀྱང་འདི་ཕྱི་གཉིས་ཀྱི་དབང་དང་གོ་ས་ཞིག་ལ་རྔམ་ཏེ་འཐབ་རྩོད་བྱེད་ཀྱིན་མཆིས།གང་ལྟར།སྨྱོན་པ་ལྟ་བུའི་སྤྱི་ཚོགས་འདི་ཡེ་ནས་ཉོག་འདུག།དེ་ན་གུང་ཁྲན་རིང་ལུགས་པས་མ་རྩ་རིང་ལུགས་ལ་ཤུགས་ཀྱིས་རྒོལ་བ་དང་།སྤྱི་ཚོགས་རིང་ལུགས་པས་གུང་ཁྲན་རིང་ལུགས་དང་མ་རྩ་རིང་ལུགས་གཉིས་ལ་རྒོལ་བ་བྱེད།མདོར་ན་མི་སྒེར་རེ་རེ་ཡིས་མི་གཞན་སྒེར་རེ་རེ་ལ་རྒོལ་ཏེ་ཆེས་བདེ་འཇགས་དང་མངའ་ཐང་།བདེ་སྐྱིད་ལྡན་པའི་གོ་ས་ཞིག་ལ་སྙེག་ཏེ་རྩོད་སྒྲུབ་བྱེད་ཀྱིན་འདུག།དེ་བས་གླིང་གཞི་འདི་ཉ་ཉོག་གི་དད་པ་དང་ཤ་ཁྲག་གི་རིགས་རུས།ཐ་དད་པའི་རྒྱལ་ཁབ།ད་དུང་རྣམ་པ་འདྲ་མིན་གྱི་གླེན་རྟགས་དང་རྩིང་སྤྱོད་ཀྱིས་ཁ་གཏོར་ཏུ་གཏོང་གིན་འདུག།འདི་ནི་ཁྱོད་ཀྱིས་ཅི་ཞིག་སྤྱངས་ཏེ་སྦྱོར་འཇུག་བྱེད་དགོས་བའི་སྤྱི་ཚོགས་དེ་རེད།དེ་ནས་ཁྱོད་ལ་ངར་ཤུགས་བསླངས་ཏེ་ཡིད་མུག་པའི་སྤྱི་ཚོགས་འདི་ལ་སྦྱོར་འཇུག་བྱེད་མཁོ་བའི་སྐུལ་འདེབས་ཀྱང་བྱེད།ཐ་ན་ཁྱོད་ཀྱིས་ཕ་མས་ཀྱང་ཁྱོད་ཀྱིས་དེ་ལྟར་བྱེད་ན་བསམ་ཞིང་རང་ཉིད་ཀྱིས་ཀྱང་དེ་ལྟར་བསྒྲུབ་ན་སྙམ།
དེ་ནས་སློབ་གསོའི་ཕུགས་ཀྱི་གཏད་ས་དེ་ཉམས་ཉེས་སུ་སོང་ཡོད་པའི་སྤྱི་ཚོགས་འདི་ལ་རུང་བསྟུན་གྱི་གྲོགས་དན་བྱེད་པ་ཁོ་ནའི་ཕྱིར་ཏུ་ཡིན་ནམ།ཡང་ན་དེ་ཡིས་ཁྱོད་ལ་ཆ་ཤས་རྫོགས་པའི་རང་དབང་ཞིག་བསྩལ་ཏེ་འཚར་ལོངས་བྱེད་དུ་འཇུག་པ་དང་།མཚུངས་མིན་གྱི་སྤྱི་ཚོགས་གསར་བ་ཞིག་བསྐྲུན་ཏུ་འཇུག་པའི་ཆེད་དུ་ཡིན།ང་ཚོ་ལ་རང་དབང་འདི་ཇི་འདྲའི་མཁོ་ཨང་།དེ་ཡང་དུས་ད་ལྟ་ལ་ཡིན་པ་ལས་མ་འོངས་བ་ནི་མིན།གལ་ཏེ་དེ་ལྟར་མིན་ཚེ།ང་ཚོ་རྦད་དེ་ཕམ་ཉེས་སུ་ཐེབས་འགྲོ་བ་དེའོ།
ཁྱོད་ཀྱིས་བདེན་ལུགས་ལ་འཚོལ་ཞིབ་བྱེད་ཆེད།ཁྱོད་ཀྱི་བློ་གྲོས་དང་ཤེས་རབ་འཕེལ་བའི་ཕྱིར་ཏུ།ཁྱོད་ཀྱི་སྤྱི་ཚོགས་ལ་ངོ་གདོང་གཏོད་པའི་ནུས་པ་རྒྱས་དོན་དང་དེ་ལ་ངེས་རྟོགས་བྱེད་པ་ལས་རུང་བསྟུན་མི་བྱེད་ཆེད་།ཁྱོད་ཀྱི་ཡིད་སེམས་ཀྱི་ཆེས་ཟབ་ས་ནས་གསར་བརྗེ་བྱེད་པའི་དོན་དུ།ང་ཚོས་ངེས་པར་ཏུ་རང་དབང་ལྡན་པའི་འཚོ་གནས་ཤིག་འཕྲལ་དུ་བསྐྲུན་དགོས།གཏན་ཚིགས་ནི་ནང་སེམས་ན་གསར་བརྗེ་ཡི་ཡོ་ལང་རྒྱུན་ཆད་ཀྱིན་མེད་པའི་མི་རྣམས་ཀྱིས་ད་གཟོད་བདེན་པ་ནི་ཅི་ཞིག་ཡིན་པའི་གསར་རྟོགས་བྱེད་ཐུབ།ཡིན་ཡང་།སྲོལ་རྒྱུན་ལ་འབྲངས་ཏེ་དེ་ལ་བསྟུན་ཅི་ཐུབ་བྱེད་མཁན་ཚོས་གནད་འགག་འདི་རྟོགས་པའི་སྐལ་བ་མེད།ད་དུང་ཟམ་མི་ཆད་པའི་འཚོལ་ཞིབ་དང་རྟོག་དཔྱོད།སློབ་གཉེར་བྱེད་པའི་ཁྲོད་ནས་ད་གཟོད་བདེན་ལུགས་ཀྱི་ངོ་གདོང་དངོས་མ་དེ་དང་དཀོན་མཆོག<GOD>་ཡང་ན་བརྩེ་བ་ཡང་རྙེད་སོན་བྱེད་ཐུབ།གལ་སྲིད་ཁྱོད་ལ་ཞེད་སྣང་གིས་ཁེངས་ཏེ་ཡོད་ན།ཅི་ཞིག་ལ་འཚོལ་ཞིབ་དང་རྟོག་དཔྱོད།སློབ་གཉེར་བྱ་རྒྱུ་ནི་སྲིད་མཐའ་ཙམ་ཡིན་ཞིང་།ཅི་ཞིག་ལ་འཚོལ་རྟོག་བྱ་རྒྱུ་ཡང་ཤིན་ཏུ་དཀའ་།དེར་བརྟེན།སློབ་གསོའི་དམིགས་དོན་ནི་ཕྱི་ནང་ཀུན་ནས་མིའི་བསམ་བློ་དང་འབྲེལ་འདྲིས།བརྩེ་བ་བཅས་རྩ་རྫོགས་བྱེད་མཁན་གྱི་གཏེ་བོ་སྟེ་ཞེད་སྣང་་རྩ་གཏོར་ཏུ་གཏོང་རྒྱུ་དེ་རེད།
དྲི་བ།གལ་སྲིད་མི་སྒེར་རེ་རེ་ནས་གསར་བརྗེ་ལ་ཞུགས་ཚེ།ཁྱོད་ཀྱིས་གནམ་འོག་འདི་ཟིང་ཆ་ཅན་ཏུ་འགྱུར་འགྲོ་བར་མི་འདོད་དམ།
དྲི་ལན། ཆེས་ཐོག་མར་དྲི་བ་འདི་ལ་རྣ་བ་བླགས་ཏེ་ཉོན་དང་།རྒྱུ་མཚན་ནི་དྲི་ལན་ཤར་རེ་བརྗོད་ཡོང་བ་ལ་རེ་ཞིང་སྒུག་སྟེ་འདུག་པ་ཙམ་མ་ཡིན་པར་དེ་ལ་ངེས་པ་རྙེད་རྒྱུ་ཡང་གལ་ཆེན་ཡིན།དྲི་བ་དེ་འདི་ལྟ་སྟེ།གལ་སྲིད་མི་སྒེར་རེ་རེ་ནས་གསར་བརྗེ་ལ་ཞུགས་ན།གནམ་འོག་འདི་ཟིང་ཆ་ཅན་ཏུ་མི་འགྱུར་རམ་ཟེར་བ་དེ་རེད།གལ་སྲིད་མི་ཚང་མ་གསར་བརྗེ་ལ་ཞུགས་ཡོད་ན།དེང་གི་སྤྱི་ཚོགས་འདི་སྐྱོན་བྲལ་ལྷིང་འཇགས་ཤིག་རེད་དམ།དེང་གི་སྤྱི་ཚོགས་ལ་རྙོག་ཟིང་ཅི་ཡང་མེད་དམ།མཐའ་དག་སྐྱོན་དང་བྲལ་ཞིང་ཡིད་དུ་འོང་བ་ཞིག་རེད་དམ།ཐམས་ཅད་ཚིམ་པ་དང་བདེ་བ།འབྱོར་ཕྱུག་ལྡན་པའི་སྒོ་ནས་འཚོ་བཞིན་མཆིས་སམ།ཐ་ན་མི་ཡིས་མི་ལ་རྒོལ་གྱིན་མི་འདུག་གམ།ཧམ་སེམས་དང་བརླང་སྤྱོད་མངའ་བའི་འགྲན་རྩོད་མི་གནས་སམ།དེར་བརྟེན་སྤྱི་ཚོགས་འདི་རྙོག་ཟིང་ལ་ལྷུང་ཡོད་ཅིང་འདི་ང་ཚོས་ཐོག་མར་ཤེས་རྟོགས་བྱེད་དགོས་བའི་གནད་འགག་དེ་ཡིན།ཡིན་ཤག་ཤག་གིས་སྤྱི་ཚོགས་འདི་ནི་སྒྲིག་གཞི་ལྡན་པ་ཞིག་ལ་མ་སྣང་།ཚིག་དང་སྐད་ཆ་ཁོ་ནའི་དབང་གིས་འཐོམས་སྦྲིད་དུ་འགྲོ་རུ་མ་འཇུག།རྒྱ་གར་ཡིན་ན་ཡང་འདྲ།ཡོ་རོབ་ཡིན་ཡང་རེད།ཨ་རི་ཡིན་ཡང་འདྲ།འཛམ་བུ་གླིང་ཕམ་ཉེས་ཀྱི་བརྒྱུད་རིམ་ཁྲོད་དུ་གནས།གལ་སྲིད་ཁྱོད་ཀྱིས་ཕམ་ཉེས་དེ་མཐོང་ཚེ།ཁྱོད་ཀྱིས་དེ་ལ་གདོང་གཏད་དེ་ཛ་དྲག་གི་གནས་སྟངས་དེ་སེལ་ཐབས་ཀྱི་ལམ་ཁ་ཞིག་འཚོལ་ཡོང་།
ཁྱོད་ཀྱིས་གནད་དོན་འདི་ལ་ཇི་ལྟར་གདོང་གཏོད་ཀྱིན་ཡོད་དམ།དེ་གལ་ཆེན་པོ་ཞིག་མ་ཡིན་ནམ།གལ་སྲིད་ཁྱོད་རང་ཧིན་རྡུ་དང་ནང་པ།ཡེ་ཤུ་པ།ཡང་ན་གུང་ཁྲན་རིང་ལུགས་པ་གང་རུང་ཞིག་ཡིན་པའི་སྒོ་ནས་གནད་དོན་དེ་ལ་གདོང་གཏད་ན།ཁྱོད་ཀྱི་དོན་བྱ་དེ་ལ་ཚོད་འཛིན་ཐབས་ཏེ་ཅི་ལ་ཡང་བརྩིས་སུ་མེད་པར་འགྱུར་འགྲོ།གལ་ཏེ་ཁྱོད་ཀྱི་སེམས་པའི་ཟབ་ས་ན་ཞེད་སྣང་ཅི་ཡང་མེད་པར་ཁྱོད་རང་ཧིན་རྡུ་དང་ནང་པ།ཡེ་ཤུ་པ།ཡང་ན་གུང་ཁྲན་རིང་ལུགས་པ་གང་རུང་ཞིག་ཡིན་བསམ་པའི་སྣང་བ་ལས་ལྡོག་སྟེ།གནད་དོན་འདི་སེལ་བར་འབད་རྩོལ་བྱེད་མཁན་གྱི་མི་བུ་རྣལ་མ་ཞིག་བྱེད་པ་ཡིན་ན།ད་གཟོད་ཁྱོད་ཀྱིས་འོས་ཤིང་འཚམ་པའི་སྒོ་ནས་གནད་དོན་དེ་ལ་ཧྲིལ་གྱིས་གདོང་གཏོད་ཐུབ།དེ་ནས་ཁྱོད་རང་གསར་བརྗེ་ལ་ཞུགས་ཏེ།འདོད་རྔམ་གཞི་ལ་བཅོལབའི་སྤྱི་ཚོགས་འདིར་རྒྱབ་གཏོད་མ་བྱེད་ན།ཁྱོད་ཀྱིས་དཀའ་ངལ་དེ་སེལ་མི་ཐུབ།ནམ་ཞིག་ཁྱོད་རང་ཧམ་སེམས་དང་འདོད་འདུན།སྒེར་སེམས་བཅ་ལ་ཁ་ཐག་རྒྱང་ལ་གྱེས་དུས།ཁྱོད་ཀྱིས་གནད་དོན་ལ་གདོང་གཏད་དེ་འཇིག་རྟེན་གསར་བ་ཞིག་བསྐྲུན་འགྲོ།
དྲི་བ། གསར་བརྗེ་དང་སློབ་གཉེར།བརྩེ་བ་བཅས་གསུམ་གྱི་བརྒྱུད་རིམ་ནི་ཐ་དད་དང་སོ་སོ་ཡིན་ནམ།ཡང་ན།དུས་མཉམ་དུ་བྱུང་བ་ཡིན།
དྲི་ལན།
དེ་ཚོའི་བརྒྱུད་རིམ་ནི་ཐ་དད་དང་སོ་སོ་ཁྱོན་ནས་མིན་ཏེ།གོང་བུ་གཅིག་ཡིན།དྲི་བའི་བརྗོད་དོན་ཅི་ཞིག་ཡིན་པ་དེ་ཧ་གོ་བར་བྱེད་པ་ནི་ཧ་ཅང་གི་གནད་འགག་ཅིག་ཡིན་པ་ཁྱོད་ཀྱིས་ཤེས་གསལ་ལྟར་རེད།དྲི་བ་འདི་གཞུང་ལུགས་ཤིག་ལ་གཞི་བྱས་ཡོད་པ་ལས་ཉམས་མྱོང་ཞིག་ལ་གཞི་བཅོལ་མི་འདུག་ཅིང་།ཁ་བཤད་དང་འཆར་སྣང་ཙམ་ཡིན་པས་གང་ལ་ཡང་རྔོ་མི་ཐོགས།སེམས་པ་ཞེད་སྣང་དང་ཡོངས་སུ་བྲལ་ཏེ་ངེས་པ་དོན་གྱིས་གསར་བརྗེ་ལ་ཞུགས་མཁན་ཞིག་ཡིན་ན།ཁོས་སློབ་གཉེར་དང་བརྩེ་བའི་སྙིང་བོ་དེ་ཧུར་ཐག་འབད་ཐག་གིས་བཙལ་འཚོལ་བྱེད།ད་གཟོད་མི་འདི་ལྟ་བུས་དེ་ཚོའི་བརྒྱུད་རིམ་གཅིག་གམ་གསུམ་ཡིན་པའི་དྲི་བ་འདི་འདྲི་མི་སྲིད།བརྗོད་པའི་ཚིག་ལ་ང་ཚོའི་རིག་པ་གསལ་ཞིང་རྒོད་ལ་གནད་དོན་ལ་འགྲེལ་བ་ཙམ་གྱིས་ང་ཚོས་དྲི་བ་དེ་སེལ་ཚར་བར་འདོད།
ཁྱོད་ཀྱིས་སློབ་གཉེར་བྱེད་པའི་སྙིང་བོ་ཅི་ཞིག་ཡིན་པ་ཨེ་ཤེས་ལགས།ཁྱོད་ཀྱིས་རང་ཉིད་ཀྱི་འཚོ་བའི་ཁྲོད་ན་ཅི་ཞིག་སྦྱངས་བཞིན་པའི་སྐབས་དེ་ནི།ཁྱོད་ཀྱིས་བདེན་ཐུབ་ཀྱིས་ཅི་ཞིག་སློབ་གཉེར་བྱེད་བཞིན་པའི་སྐབས་དེ་ཡིན།དུས་སྐབས་དེར་ཁྱོད་ལ་དམིགས་བཀར་གྱི་དགེ་རྒན་སུ་ཡང་མེད་མོད་།འོན་ཀྱང་།ཆོས་དངོས་ཡོད་དོ་ཅོག་གིས་ཁྱོད་ལ་ཁྲིད་སྟོན་བྱེད།དཔེར་ན།ལོ་མ་སྐམ་པོ་ཞིག་དང་འཕུར་གྱིན་པའི་བྱེའུ་ཞིག།དྲི་མ་དང་མཆི་མ།ཕྱུག་པོ་དང་མེད་པོ།ངུ་བཞིན་པའི་མི།མཛེས་མ་ཡི་འཛུམ་མདངས།སྟག་ཤར་གྱི་ང་རྒྱལ།མདོར་ན་ཆོས་དངོས་མཐའ་དག་གི་ཁྲོད་ནས་ཁྱོད་ཀྱིས་སློབ་གཉེར་བྱེད་ཆོག།དེ་ལྟར་ཡིན་ཙ་ན།ཁྱོད་ལ་དམིགས་བསལ་གྱི་མཛུབ་སྟོན་པ་མེད་ཅིང་བསམ་བློ་བ་ཡང་མེད།སློབ་དཔོན་ཡང་མེད།མ་གཞི་ནས་འཚོ་བ་རང་ནི་ཁྱོད་ཀྱི་དགེ་རྒན་ཡིན།དེར་བརྟེན།ཁྱོད་ནི་རྒྱུན་མི་ཆད་པའི་སློབ་གཉེར་གྱི་ལམ་ཁ་ན་གནས་ཡོད་པ་རེད།
དྲི་བ། སྤྱི་ཚོགས་ནི་འདོད་འདུན་དང་འདོད་རྔམ་ལ་གཞི་བཅོལ་ཏེ་གནས་སམ།ཡིནཡང་།གལ་སྲིད་ང་ཚོ་ལ་འདོད་རྔམ་མེད་ཚེ།ང་ཚོ་ཕམ་ཉེས་སུ་ཐེབས་མི་འགྲོའམ།
དྲི་ལན། འདི་དངོས་ནས་དྲི་བ་གལ་ཆེན་ཞིག་རེད།ཤིན་ཏུ་ནས་དོ་སྣང་ངམ་གཟབ་ནན་བྱེད་འོས་བ་ཞིག་ཀྱང་རེད།གཟབ་ནན་ཟེར་ན་ཅི་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ།ང་ཚོས་དེ་ཅི་ཞིག་ཡིན་པར་འཚོལ་ཞིབ་ཞིག་བྱེད་དང་།སློབ་ཁང་དུ་ཁྱོད་ཀྱིས་སྒེའི་ཁུང་གི་ཕྱི་རོལ་ཏུ་ལྟ་བ་དང་།ཡང་ན་གཞན་གྱི་སྐྲ་འཐེན་པའི་སྐབས་དེར།དགེ་རྒན་གྱིས་ཁྱོད་ལ་དོ་སྣང་བྱོས་ཤེས་གསུངས་ཡོང་།དེ་ཅི་ཞིག་གི་དོན་རེད་དམ།དེ་ནི་ཁྱོད་རང་སློབ་ཚན་དེ་ལ་སྤྲོ་སྣང་མེད་པ་མཚོན་གྱིན་ཡོད་པས།དགེ་རྒན་གྱིས་ཁྱོད་ལ་བཙན་ཚུགས་ཀྱིས་དོ་སྣང་བྱེད་དུ་འཇུག་གིན་ཡོད་པ་རེད།དྲང་མོར་བཤད་ན།དེ་ལ་ “གཟབ་ནན་ནམ་དོ་སྣང་”ཞེས་ཁྱོན་ནས་ཟེར་སྲོལ་མི་འདུག
ཁྱོད་རང་ཆོས་དངོས་གང་ཞིག་ལ་སྤྲོ་བ་གཏིང་ནས་སྐྱེས་དུས།ད་གཟོད་ཁྱོད་ཀྱིས་དེ་ལ་དོ་སྣང་བྱེད་འོངས།དེ་ནས་དེ་དང་འབྲེལ་བའི་ཆོས་དངོས་མཐའ་དག་ཤེས་འདོད་ཀྱི་བློ་ཡང་སྐྱེས་ཏེ།ཁྱོད་ཀྱི་ལུས་སེམས་ཡོངས་ཀྱིས་དེ་ལ་དོ་སྣང་ཡང་བྱེད་འགྲོ།དེ་མཚུངས་ཁྱོད་ཀྱིས་དྲི་བ་དེའི་གལ་ཆེན་རང་བཞིན་དེ་ཤེས་རྟོགས་བྱེད་ཡོད་ན།ཁྱོད་ལ་དོན་དག་འདི་ཡི་བདེན་ལུགས་ངེས་རྟོགས་བྱེད་པའི་སྤྲོ་བ་འཕེལ་འོངས།
འདོད་རྔམ་ཅན་གྱིས་རང་ཉིད་ཕུང་བར་བྱེད་དམ།འདོད་རྔམ་ནི་ལེགས་ཉེས་གང་ཡིན་རུང་།དེ་ནི་ང་ཚོས་ཐོག་མར་ངེས་དགོས་བའི་དོན་བྱ་དེ་ཡིན།ཁྱོད་ཀྱིས་རང་ཉིད་ཀྱི་མཐའ་ཁ་ཐག་ཉེ་ན་ཡོད་པའི་འདོད་རྔམ་ཅན་གྱི་མི་རྣམས་ལ་ལྟ་ཞིབ་ཞིག་བྱོས་དང་།ཁྱོད་ཀྱི་ཡིད་སེམས་འདོད་རྔམ་གྱིས་ཁེངས་ནས་ཡོད་པའི་སྐབས་སུ་ཁྱོད་ཀྱིས་ཇི་ལྟར་བྱེད་ཀྱིན་ཡོད་དམ།ཁྱོད་ཀྱིས་བསམ་བྱ་ཐམས་ཅད་རང་ཉིད་ཁོ་ན་མ་ཡིན་ནམ།ཁྱོད་རང་བརླང་སྤྱོད་ལྡན་པ་ཞིག་སྟེ།ཆེན་པོ་སུ་ཞིག་ལ་འགྱུར་འདོད་ཀྱི་ཧམ་པ་དེ་མངོན་དུ་འགྱུར་བའི་ཆེད་དུ་།ཁྱོད་ཀྱིས་ཕ་རོལ་བ་གཞོགས་སུ་གཡུགས་ཏེ་བསྐྱུར་འགྲོ།དེ་ཡི་རྐྱེན་གྱིས།ང་ཚོས་རྒྱལ་ཕམ་གཉིས་ཁ་གཏད་དུ་འགྲེང་དུ་བཅུག་སྟེ་ནམ་ཡང་འཐབ་རྩོད་བྱེད་པའི་སྤྱི་ཚོགས་ཤིག་བསྐྲུན་འདུག།དེ་བཞིན་ཁྱོད་དང་ཁྱོད་ཀྱི་འདོད་པ་ལ་སྨོན་མཁན་རྣམས་ཀྱི་བར་ལ་ཡང་ནམ་ཡང་ཟམ་མི་ཆད་པའི་འགལ་བ་དང་འཐབ་རྩོད་ཀྱིས་ཁེངས་ནས་ཡོད་པས།དེ་ཡིས་གསར་གཏོད་རང་བཞིན་གྱིས་ཁེངས་བའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་བམ།ཁྱོད་ཀྱིས་ཤེས་སམ།ཡང་ན་དེ་ནི་ཧ་ཅང་གིས་དཀའ་འམ།
ཁྱོད་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་གང་ཞིག་སྒྲུབ་པའི་སྐབས་སུ་ཁྱོད་ལ་འདོད་རྔམ་གྱི་སེམས་བྱུང་དེ་མཆིས་སམ།གོ་ས་ཞིག་ཐོབ་འདོད་དང་ཁེ་ཕན་ཞིག་རག་འདོད།དམིགས་ཡུལ་དང་གྲུབ་འབྲས་གང་ཞིག་ཐོབ་ཆེད་དུ་གཞར་ཡང་མ་ཡིན་པར།རང་ཉིད་བྱ་བ་དེ་ལ་དགའ་བ་ཁོ་ནའི་རྐྱེན་བྱས་ཤིང་དེ་སྒྲུབ་པའི་སྐབས་སུ་ཁྱོད་ལ་འདོད་རྔམ་གྱི་བློ་དེ་མེད་པ་མ་ཡིན་ནམ།བརྒྱུད་རིམ་འདིའི་ཁྲོད་ན་ད་གཟོད་འགྲན་རྩོད་མེད་དེ།ཁྱོད་ཀྱི་སུ་ཞིག་གི་ལྷན་དུ་ཡང་ཨང་རིམ་དང་པོ་ཐོབ་པར་འབད་རྩོལ་བྱེད་མི་དགོས་པས་ཡིན།
སློབ་གསོས་ཁྱོད་ལ་རང་ཉིད་ཀྱིས་དོན་གྱི་ཅི་ཞིག་བསྒྲུབ་འདོད་ཡོད་མེད་དེ་ཤེས་རྟོགས་བྱེད་པར་བསྡོངས་གྲོགས་བྱེད་པ་དང་།མི་ཚེ་ཡི་ཁྲོད་དུ་རིན་ཐང་དང་དོན་སྙིང་གིས་གཏམས་པ་གང་ཞིག་ལ་འབད་རྩོལ་བྱེད་དགོས་བའི་ཁྲིད་སྟོན་བྱེད་མི་འོས་སམ།གལ་སྲིད།དེ་ལྟར་མིན་ན།ཁྱོད་ཀྱི་མི་ཚེ་ཧ་ལམ་སྐྱོ་དགོས་བ་ཞིག་ཏུ་འགྱུར་ངེས།ད་དུང་ཁྱོད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་ན་འདོད་པ་དེ་མ་ཤེས་ཚེ།ཁྱོད་ཀྱི་སེམས་པ་འཆར་ཅན་བསྐྱར་ལོག་བྱེད་པའི་འཚོ་བའི་སྣོད་ལ་ཟགས་འགྲོ།དེ་ནི་ཕམ་ཉེས་དང་ཉོབ་སྣང་།འཆི་བ་ཡིས་བརྟས་ཡོད་པ་ཞིག་རེད་ཨང་།དེ་བས།རང་ཉིད་ཀྱིས་ཅི་ཞིག་སྒྲུབ་འདོད་ཡོད་པ་དེ་ཁྱོད་རང་ན་གཞོན་ཡིན་པའི་དུས་སུ་ཧ་གོ་བར་བྱེད་རྒྱུ་དེ་གལ་ཆེན་ཡིན་པའི་རྒྱུ་མཚན་དེ་ཡིན།ད་དུང་།འདི་ནི་སྤྱི་ཚོགས་གསར་བ་ཞིག་བསྐྲུན་པའི་ཐབས་ལམ་ཉག་ཅིག་དེ་ཡང་ཡིན་ནོ།
དྲི་བ། རྒྱ་གར་དང་དེ་བཞིན་རྒྱལ་ཁབ་མང་ཆེ་ཤོས་ན།སློབ་གསོ་ནི་གཞུང་གིས་སྟངས་འཛིན་བྱེད་ཀྱིན་འདུག་པས།གནས་སྟངས་འདི་འདྲའི་འོག་ནས་ཁྱོད་ཀྱིས་གླེང་བཞིན་ཡོད་པའི་སློབ་གསོའི་ཐབས་ལམ་དེ་ལྟ་བུ་ཞིག་མངོན་འགྱུར་བྱེད་ཐུབ་པ་ཡིན་ནམ།
དྲི་ལན། །གལ་ཏེ་སྲིད་གཞུང་གི་རོག་རམ་འདེགས་མེད་ཚེ།འདི་འདྲའི་སློབ་གྲྭ་མུ་ནས་གནས་བའི་ངེས་པ་ཡོད་དམ་ཟེར་བའི་དྲི་བ་འདི།སྐུ་ཞབས་ཁོང་གིས་བཏོན་ཡོང་བའི་དྲི་བ་དེ་རེད།ཁོང་གིས་འཛམ་གླིང་འདིའི་དོན་བྱ་མཐའ་དག་སྲིད་གཞུང་དང་ཆབ་སྲིད་པ།དབང་མངའ་ཐང་ཅན་བཅས་ཀྱིས་སྟངས་འཛིན་བྱེད་ཀྱིན་ཡོད་པ་ཤེས་ཀྱིན་འདུག་ཅིང་།ད་དུང་ཁོ་ཚོས་ང་ཚོའི་བསམ་བློ་འཇིམ་སྐུ་བཟོ་བཟོ་དང་བསམ་གཞིགས་ཀྱི་ནུས་པ་ངེས་གཏན་ཅན་ལ་བསྒྱུར་ན་བསམ་བཞིན་འདུག།ཨུ་རུ་སུ་ཡིན་ན་རེད།རྒྱབ་ཁབ་གཞན་ཡིན་ན་ཡང་རེད།རྒྱབ་ཁབ་ཀུན་གྱིས་སློབ་གསོ་ལ་སྟངས་འཛིན་བྱེད་ཀྱིན་འདུག།སྐུབས་ཞབས་ཁོང་གིས་ང་ལ་འདྲི་དོན།གལ་ཏེ་སྲིད་གཞུང་གི་རོག་རམ་འདེགས་མེད་ཚེ།འདི་འདྲའི་སློབ་གྲྭ་མུ་ནས་གནས་བའི་ངེས་པ་ཡོད་དམ་ཟེར་བ་འདི་རེད།
དེ་ནས་ཁྱོད་ཀྱིས་ཇི་ལྟར་བཤད།ཁྱོད་ཀྱིས་ཤེས་གསལ་ལྟར།བྱ་བ་གང་ཞིག་ལ་རིན་ཐང་ལྡན་ཞིང་གལ་ཆེན་པོར་འདོད་ན།སྲིད་གཞུང་དང་སྤྱི་ཚོགས་གང་གིས་བཀོད་མངགས་ཡིན་མིན་ལ་མ་ལྟོས་བར།ཁྱོད་ཀྱིས་དེ་བསམ་པ་རྣམ་དག་གིས་བསྒྲུབས་ཏེ་མཐར་ཁྱོད་ལ་རྒྱལ་ཁ་ཐོབ་ངེས།འོན་ཀྱང་།མི་ཕལ་མོ་ཆེ་ཡིས་བསམ་བློ་ཅི་ཡང་མི་གཏོང་བར་བརྟེན།ད་གཟོད་འདི་འདྲའི་དྲི་བ་བྱུང་བ་རེད།གལ་སྲིད་སྤྱི་ཚོགས་གསར་བ་ཞིག་མངོན་འགྱུར་བྱ་དགོས་ན།མི་སྒེར་རེ་རེ་ནས་སེམས་ཀྱི་ཆེ་གཏིང་ཟབ་ས་ནས་རླབས་ཆེན་གྱི་གསར་བརྗེ་བྱས་ཏེ།སེམས་ཀྱི་སྟོབས་དང་ཀླད་པའི་ཤུགས།ལུས་ཀྱི་ངར་ལ་བརྟེན་ནས་ཞེད་སྣང་གིས་དཀའ་ཚེགས་ཅི་ཡང་མི་སྟེར་བའི་སློབ་གྭ་ཞིག་བསྐྲུན་དགོས་པ་དེའོ།
སྐུ་ཞབས་ལགས།གང་ཞིག་ངེས་དོན་གྱི་གསར་བརྗེ་ཡིན་པ་དེ་ནི་བདེན་པ་བདེན་པ་ལ་མཐོང་མཁན་དང་འཚོ་བ་ཡང་བདེན་པ་ལ་གཞི་བཅོལ་མཁན་གྱི་མི་རྣམས་ཀྱིས་བསྐྲུན་པ་ལགས།ད་དུང་སྲོལ་རྒྱུན་ལས་གྲོལ་བར་བྱེད་པ་དེ་ཞེད་སྣང་ཐམས་ཅད་ལས་གྲོལ་བར་བྱེད་པ་ཡིན་ཞིང་འཚོལ་རྟོག་བྱེད་པ་དེ་ཡང་དོན་གྱི་རེ་སྙེག་ཅིག་ཀྱང་ཡིན་ནོ།
2011/7/2o------2011/8/9
No comments:
Post a Comment