Wednesday, September 18, 2013

 
ཨ་མ་དྲན་པ་དོན་གྱི་སྙིང་སྟོབས་ཤིག
 
འཐེན་ཐུག་ལྡུར་ནས་འདག་འདག་ཆགས་པའི་སྐབས།།
རི་ལ་སྨུག་གི་ལྕགས་ཐག་བརྒྱ་ཞིག་བསྐོན།།
གོམ་པ་འདར་འདར་འདམ་ནས་འབའ་བའི་དུས།།
མདུན་གྱི་འོད་ཀྱིས་ང་ལ་ལག་གཡུགས་བྱས།།
 
རེ་ཞིག་རྐང་པ་ས་ལ་ཡང་ཡང་བརྡེབས།།
རེ་ཞིག་སེམས་ཀྱི་སྒྲོན་མེ་སྟོབས་ཀྱིས་སྦར།།
ལམ་གྱི་སྣེ་ན་ང་ཡི་ཧེ་རྫེ་ཡོད།།
དེ་ཡི་ཧུགས་ན་ཐབ་ཁུང་དྲོད་མོ་ཡོད།།
 
དེ་ན་ཨ་མས་མེ་ལ་ཆ་མ་འཇོག
མཚམས་རེ་ཁ་ལེབ་ཕྱེ་ནས་ཚུར་ལ་གཏན།།
རླངས་པ་ལྷོག་ལྷོག་འཕྱུར་བའི་ཇ་དེམ་དེས།།
ཐབ་ཁུང་འགྲན་ནས་ཨ་མར་འཚུབ་ཆ་སློང་།།
 
ཁ་ཤས་གས་ཏེ་ཁྲག་མདོག་རྡུགས་པའི་སྐབས།།
ཨ་མས་སེམས་ཀྱི་མགོ་རི་ལ་བཀྱགས།།
ཨ་མས་ལམ་གྱི་སྣེ་ལ་སྒྲོན་མེ་སྦར།།
ཨ་མ་དྲན་པ་དོན་གྱི་སྙིང་སྟོབས་ཤིག
༡༡།༠༩།༢༠༡༣ཉིན།
མཆན།
ཧེ་རྫེ། ----ནི་ཡུལ་སྐད་དེ། མེ་འཇོག་པ་དང་མེ་སྦར་ཏེ་ཚ་བོ་བཟོ་བའི་ཉལ་ས་ཞིག་ཡིན།
ཧུགས།__---ནི་ཡུལ་སྐད་དེེ། ཕུགས་ཀྱི་དོན། ཨམ་སྐད་ན་ཕ་ཡི་ཚབ་ལ་ཧ་བརྗོད་མང་པོ་ཡོད། ཕ་མ་ལ་ཧ་མ་ལྟ་བུའོ།
 

No comments:

Post a Comment