Thursday, August 29, 2013


མུན་པ་ལ་རྒོལ་བ།

མེ་ཏོག་དང་གཤོག་སྒྲོ་སོག་ལེ་ཡི་ཁ་ལ་ལྷུང་།
རྣམ་ཤེས་ཀྱི་མགྲིན་པ་རྩ་ནས་བསྒགས།
དབང་ཆོག་ཆོག་གི་ནམ་མཁའ། མངོན་ཆོག་ཆོག་གི་རྨི་ལམ།...

དབང་ཆོག་ཆོག་གི་རྩྭ་ཐང་། མངོན་ཆོག་ཆོག་གི་བྲང་ཁོག


བཅད་སོང་། གཏུབས་སོང་། གཞོགས་སོང་། བྲེག་སོང་།
རླུང་གིས་གཏོར་སོང་། ཐོག་གིས་གསིལ་སོང་། གྲི་ཡིས་གཤགས་སོང་།
རྡུང་སོང་། བཅག་སོང་། གསད་སོང་། བཙུར་སོང།
མེ་ལ་བསྲེགས་སོང་། ཆུ་ཡིས་བསྣུབས་སོང་། རྡོ་ཡིས་བརྡུངས་སོང་།
མཐའ་འཁོར་ན་མཆེ་བ་གཙིགས། སེམས་ཁོང་ན་རྦ་ཀློང་འཁྲུགས།
མཐའ་འཁོར་ན་རླུང་དམར་འཚུབ། སེམས་ཁོང་ན་རྦ་རྡོ་ཉིལ།


མགོ་བོ་མཐོན་པོར་སྨག་གི་རི་བོ་བརྫངས།
མགོ་བོ་གྱང་ལ་ཡང་ཡང་བརྡེབས།
ལམ་གྱི་གོམ་སྣེར་འདམ་གྱི་མཚོ་ནག་བསྐྱིལ།
རྐང་པ་ས་ལ་ཡང་ཡང་བརྡེབས།

དུས་ཚོད། དུས་ཚོད་ཀྱི་ཁ་གདང་།
རྣམ་ཤེས། རྣམ་ཤེས་ལ་ས་རུབ།
ནམ་མཁའ། ནམ་མཁའ་ནས་ཉི་ཟླ་ནུབ།
བྲང་ཁོག བྲང་ཁོག་ལ་ཆབ་རོམ་འཁྱགས།
སུ་ཞིག་གི་ཉེས་པ་ཡིན། སུ་ཞིག་གི་རྒྱུ་འབྲས་ཡིན།

དཔལ་འབར་ཁྱེར་ནས་མུན་ནག་ལ་རྒོལ་དུ་འགྲོ
འོད་ཟེར་ཁྱེར་ནས་གྲང་ངར་ལ་རྒོལ་དུ་འགྲོ
ང་མ་ཤི་ན་འོད་སྣང་ཡིན། ཁྱོད་མ་ཤི་ན་དྲོད་འཇམ་ཡིན།
འུ་ཚང་ལ་མེད་པ་དེ་ཡིན། འུ་ཚང་ལ་མཁོ་བ་དེ་ཡིན།

དབང་ཆོག་ཆོག་གི་ནམ་མཁའ། མངོན་ཆོག་ཆོག་གི་ནམ་མཁའ།
མེ་ལ་བསྲེགས། ཆུ་ཡིས་བསྣུབས། རྡོ་ཡིས་བརྡུངས།
དཔལ་འབར་ཁྱེར་ནས་མུན་ནག་ལ་རྒོལ་དུ་འགྲོ
འོད་ཟེར་ཁྱེར་ནས་གྲང་ངར་ལ་རྒོལ་དུ་འགྲོ
༢༣།༠༨།༢༠༡3




No comments:

Post a Comment