་ '' ཨ་མ་་་ཨ་མ་་་ཨ་མ་་་''
ཆར་བ་ཤག་ཤག་ཏུ་འབབ་བཞིན་གདའ་། ཕྱི་རོལ་ན་་་་་་་་་་་་་་
སྐབས་དེར། ཁོས་ཐོལ་གྱིས་མེ་ཏོག་ལྟ་བུའི་ཁ་བ་ལྷབ་ལྷུབ་དུ་དབྱངས་ནས་འབབ་ཚུལ་དེ་ཡིད་ལ་གསལ་ལེར་དྲན་བྱུང་ །
སྐབས་དེར།་ཁོ་ཁ་ཤར་ལ་གཏད་ཡོད་པའི་སྒེའུ་ཁུང་ཆུང་ཆུང་དེ་ཡི་འགྲན་ན། ཕྱི་རོལ་གྱི་སྨྱོན་པ་ལྟ་བུའི་ཆར་བ་འབབ་ཚུལ་དེ་ལ་ཅེར་ཏེ་འགྲེང་ནས་ཡོད་པའི་སྒང་རེད
སྐབས་དེར། ཁོས་ཆུ་ཚོད་ཏག་ཏག་ག་ཚོད་ལ་སླེབས་ཡོད་མེད་མ་ཤེས་མོད། ཁོས་ཤེས་དུས་བབ་ཆགས་ཀྱི་ཁང་པ་ཆུང་ཆུང་དེ་ན ཁོ་རང་གཅིག་པུ་ལུས་འདུག
ཁང་པ་དེ་ཧ་ཅང་གིས་ཆུང་ན་ཡང་། ཇི་འདྲའི་སྟོང་ལྷང་ལྷང་གི་ཚོར་བ་ཞིག་ཁོ་ལ་འགོག་མེད་དུ་བྱིན། ཁའི་མདུན་ལྕོག་སྟེང་ལ་སྦྱར་ཡོད་པའི་ཕ་ཡུལ་གྱི་འདྲ་པར་རྙིང་པ་དེས་ཁཽ་ལ་བགྲད་དེ་འདུག
ཕལ་ཆེར། ཁོའི་སེམས་ལ་སྐྱོ་སྣང་དང་ཆད་སྣང་། ཉོབ་སྣང་དང་སུན་སྣང་གིས་གཏོས་ཏེ་སྤུ་གྲི་ལྟར་སྙིང་ལ་སྣུན་བཞིན་པ་་དེར་མཚར་སྣང་སྐྱེས་ཀྱིན་ཡོད་པ་འདྲ་ལ། ཡང་ན། ཁོ་ལ་གདུང་བ་སེལ་
བའི་སེམས་གསོ་བྱེད་པ་དང་འདྲ། གང་ལྟར། འདྲ་པར་དེ་མདུན་ལྕོག་སྟེང་ན་གསལ་ལྷང་ངེར་མངོན།
སྐབས་དེར། ཁོའི་སེམས་པ་རྒྱ་ཆེ་ཞིང་ཁོད་ཀྱང་ཡངས་བར་འཁུམས། འོན་ཀྱང་། ཡོད་ཚད་སྐྱོ་སྣང་གིས་ཁེངས་འདུག དྲན་སྣང་གིས་རྫོགས་འདུག
ཁོའི་སེམས་པར་ཅི་ཕྱིར་འདི་འདྲའི་སྐྱོ་སྣང་གིས་གཏམས་་གཏམས་དགོས་དོན་ཅི་ཡིན་ནམ
ཕྱི་རོལ་ན་ཆརབ་སྔར་བཞིན་ཤག་ཤག་ཏུ་འབབ་ཀྱིན་མཆིས། ཤག་ཤག་ཏུ་འབབ་བཞིན་པའི་ཆར་བ་སུ་ཞིག་གིས་ངུ་བཤུམ་བྱེད་པ་འདྲ། ཁོ་ད་དུང་མདུན་ལྕོག་གི་སྔུན་ན་འདྲ་པར་དེར་ཅེར་ཏེ་གདའ་། འགུལ་ཙམ་ཡང་མི་བྱེད། གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ཏེ་། མིག་ལ་དྲན་སྣང་གིས་འཁྱིལ་འདུག
མཐར་ཁོའི་མིག་མཐར་མཆི་མས་བརླན་ཏེ། འདྲ་པར་དེར་མཛུབ་མོས་ལྷོད་ཀྱིས་བྱིལ་བྱིལ་ཐེངས་འགར་བྱས་
རྗེས། དཀར་སོབ་སོབ་ཀྱི་ཤོག་བུ་དང་དྲང་བོར་བཀན་པའི་སྨྱུག་བུ་སྟེ། བློས་ཐུབ་ཀྱི་གྲོགས་པོ་གཉིས་ལ་སེམས
་ཀྱི་སྐད་ཆ་གླེང་བར་བརྕམ། མ་གཞི་ནས་དེ་ནི་དུངས་བརྗོད་སྙན་ངག་ཅིག་ཏེ།
ཆར་བ་ཞེ་སྐྱོ་བཞིན་བབས་སོང
སྨུག་ལོང་གིས་བཏུམས་པའི་ཞོགས་པ
མེ་ཏོག་དང་ལྗོན་པ། རི་ཚོགས་ཀྱི་མཛེས་སྡུག
འཇའ་ཚོན་བཞིན་གང་དུ་ཡལ་སོང
ཁ་བ་དང་ཆབ་རོམ་གྱིས་སྙིང་གཏམ་འཆད
སྙིང་གཏམ་དེ་བརྕེ་བའི་ཨམ་དང་འདྲ
ཆར་བ་ད་དུང་ཤག་ཤག་ཏུ་འབབ་ཀྱིན་གདའ
ཕ་ཡུལ་གྱི་ཀྱག་ཀྱོག་གི་སྲང་ལམ་ལ་བརྒྱུད་པ་དང་འདྲ
ཨ་མའི་སྙིང་གཏམ་ལ་རྣ་བ་བླགས་པ་ཡང་རེད
ཕ་ཡུལ་གྱི་སྔོ་ལྗང་ལྗང་གི་གྲམ་གཞུང་ལ་ལྟ་བ་དང་མཚུངས
ཨ་ཕའི་མིག་ཟུང་གི་རེ་སྙེག་ལ་ཅེར་བ་ཡང་རེད
ཆར་བ་འདི་དྲན་ངོགས་ནས་བབས་སོང
སྙིང་གི་ཆ་ཤས་རེ་རེ་གས་ཏེ་འབབ་པ་དང་འདྲ
ཆར་བ་ཞེ་སྐྱོ་བཞིན་བབས་སོང
ཁོས་སྙན་ངག་དེ་ཤར་མར་བྲིས་ཚར་རྗེས། ལྷོད་ཀྱི་ཡར་ལ་ལངས་ཏེ། སྔར་བཞིན་ཁ་ཤར་ལ་གཏད་ཡོད་པའི་
སྒེའུ་ཁུང་ཆུང་ཆུང་དེ་ཡི་འགྲན་ནས་མིག་ཟུང་ཕྱི་རོལ་ལ་ཤོར། ཆར་བ་ད་དུང་འབབ་མཚམས་བཞག་མི་
འདུག འོན་ཀྱང་། སྨུག་པ་ཅུང་སངས་ཏེ། ཐག་རིང་གི་རི་བོ་དང་གྲོང་རྡལ་སོགས་མི་མཐོང་ན་ཡང་།
ཁོར་ར་ཁོར་ཡུག་གི་རྩི་ཤིང་དང་མེ་ཏོག ལྗོན་པ་སོགས་གསལ་བོར་མཐོང་ཐུབ
ཏག་ཏག་བར་སྐབས་དེར།
ཁ་པར་གྱི་དྲིལ་བརྡ་གྲགས་བྱུང་། '' བསོད་ནམས། བསོད་ནམས། ཁ་པར་སླེབས་སོང་། གང་ན་ཡོད་།
གང་ན་ཡོད་ །''ཁ་པར་གྱི་དྲིལ་བརྡ་གྲགས་ཀྱིན་གདའ་། འོན་ཀྱང་། ཁོས་དེ་ལ་མིག་གིས་ལྟ་ཙམ་གྱིས་སྣང་མེད་དུ་བཞག་སྟེ་། སྔར་བཞིན་ཕྱི་རོལ་ལ་ཅེར་ཏེ་འགྲེང་། ཡང་བསྐྱར། ཁ་པར་གྱི་དྲིལ་བརྡ་གྲགས་སོང་། ''
བསོད་ནམས། བསོད་ནམས། ཁ་པར་སླེབས་སོང་། གང་ན་ཡོད་། གང་ན་ཡོད་ །''ཐེངས་འདིར་ཁོས་འཐད་མ་འཐད་ཀྱིས་ཁ་པར་ལག་ལ་བླངས་ཏེ་ཨ་ལན་སྤྲད་།
''ཨ་རོག སུ་ཡིན་''''ང་ཀླུ་འབུམ་ཡིན།ཁྱོད་བསོད་ནམས་ཨེ་ཡིན'''
''ཡིན་''
''འོ ་ཁྱོད་བདེ་མོ་བདེ་མོ་''
''ཨིན''
''བསོད་ནམས། ང་ཉིན་ཤས་རྗེས་ནས་ཕ་ཡཡུལ་ལ་འགྲོ་རྒྱུ་ཡིན་ཡ་ ད་་་་''
''འོ་ཁྱོད་ཕ་ཡུལ་ལ་འགྲོ་རྒྱུ་ཨེ''
''ཡིན་ཡ་། ང་ཕ་ཡུལ་ལ་འགྲོ་བྱེད་ཀྱི་ལག་ཁྱེར་དེ་ཁ་སང་ལག་པར་རག་སོང''
ཁོའི་རྣམ་རིག་གྲོང་དུ་སོང་ཏེ།
''ཁྱོད་ལ་དེ་ཇི་ལྟར་རག་སོང་། ཨ་རོག''ཅེས་དྲིས་ཚར་མ་ཐག་ཁོའི་ཁ་པར་གྱི་གློག་རྫོགས་ཏེ། མུ་མཐུད་དེ་སྐད་ཆ་བཤད་ཐུབ་མ་སོང་། ཁོས་ཁ་ནས་དབང་མེད་དུ་''ཨ་ཁ་ཁ་ཁ''་ཟེར་ཞོར། ཁ་པར་མལ་ཁྲི་སྟེང་ལ་ཤུགས་ཀྱིས་གཡུགས་ཏེ། ཀླུ་འབུམ་གྱི་སྐད་ཆ་དེ་ཡིད་ལ་འཁོར་ནས་བསྡད་།
ཁོ་དང་ཀླུ་འབུམ་གཉིས་ཤར་གངས་པོ་བརྒྱུད་སྐབས་ཀྱི་ལམ་རོགས་ཡིན། རྗེས་ནས་སློབ་གྲ་གཅིག་པ་འཛིན་གྲ་ཡང་གཅིག་པར་ཁེལ་སོང་། འོན་ཀྱང་། ལོ་གཅིག་གི་སྔོན་ལ་ཀླུ་འབུམ་རྐྱེན་ཞིག་གིས་སློབ་གྲ་ནས་ཕྱི་ལ་བུད།
ཧ་ལམ་ཆུ་ཚོད་དང་པོར་སླེབས་སོང་བ་འདྲ། སློབ་གྲོགས་ཚང་མ་ཉལ་ཁང་ལ་གུང་ཟས་བཟའ་བར་ཡོང་བཞིན་གདའ་།
ཁོ་དེ་རིང་ཡང་སློབ་ཁྲིད་ལ་མ་སོང་བ་རེད།
ཁོས་ད་དུང་ཀླུ་འབུམ་གྱི་སྐད་ཆ་དེ་སེམས་ལ་འཁོར་ལོ་འཁོར་འཁོར་བྱེད་ནས་འདུག
ཁོའི་ཉལ་གྲོགས་ཚང་མ་ཉལ་ཁང་ལ་སླེབས་སོང་། ཕྱིར་ཐབ་ཚང་ལ་རྒྱུགས་སོང་། ཁོ་སྔར་བཞིན་ཤུལ་ནས་གཅིག་པུར་ལུས་སོང། ཁང་པ་དེ་འདྲའི་ཆུང་ན་ཡང་། སྟོང་ལྷང་ལྷང་གི་ཁའི་སེམས་པ་དེ་ཇི་འདྲའི་ཆེ་ཨང་། ཁོ་ལྟོགས་ཀྱིན་ཡོད་ན་ཡང་། ཟས་ལ་ཡེ་ག་མེད་པས། ཉལ་ཁྲིའི་སྟེང་ནས་གན་རྐྱལ་ཏུ་ལོག་ཏེ། རྒྱའི་ལུའུ་ཞུན་གྱི་<<ཕ་ཡུལ>>་ཅེས་བའི་བརྩམས་ཆོས་དེ་ཀློག་བཞིན་བསྡད།
ཕྱི་རོལ་ན་ཆར་བ་འབབ་མཚམས་ཆད་ཡོད་ན་ཡང་། གནམ་གྱི་སྤྲིན་ནག་ད་དུང་སངས་མེད་པས ། སྔོ་ཞིང་སངས་བའི་མཛེས་སྡུག་གི་ནམ་མཁའ་དེ་མི་ཐུབ་ལ། འོད་དུ་འཚེར་བའི་གསེར་མདོག་གི་ཉི་འོད་དེ་ཡང་མཐོང་མི་ཐུབ། ད་དུང་མཐོང་ན་སྙམ་པའི་ཕུག་རོམ་དང་བྱ་བྱུའུ་ཡི་རང་དབང་གི་འཕུར་ལྡིང་དེ་ཡང་མཐོང་མི་ཐུབ།
སློབ་གྲོགས་ཚང་མས་གུང་ཟས་ཟས་ཚར་སོང་བ་དང་འདྲ། ཐ་རེ་ཐོར་རེ་དང་སྐོར་རེ་སྐོར་རེ་ཡིས། སོ་སོའི་མལ་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག། ཁོ་ད་དུང་མལ་ཁྲིའི་སྟེང་ན་འདུག ཁོས་ད་དུང་<<ཕ་ཡུལ>>་ཅེས་བརྩམས་སྒྲུང་དེ་ཀློག་བཞིན་མཆིས། མལ་གྲོགས་ཚོ་བྲེལ་འཚུབ་ཀྱིས་སླེབས་ཏེ། ཕྱིར་འཚབ་འཚུབ་ཀྱིས་འགྲོ་སོང་། ཁོ་སྔར་བཞིན་གཅིག་པུར་ཤུས་ནས་ལྷག། ཁང་པ་དེ་ཇི་འདྲའི་ཆུང་ན་ཡང་། ཁོའི་དྲན་གདུང་གི་སེམས་པ་དེ་ཇི་འདྲའི་ཆེ་ཨང་།
ཁོ་མལ་ཁྲི་ལས་ལངས་ཏེ། མདུན་ལྕོག་གི་གམ་ལ་སོང་། སྔར་བཞིན། པར་རྙིང་དེ་ཡིས་ཁོ་ལ་ཅེར་ནས་འདུག། སྔར་བཞིན། ཁོས་པར་རྙིང་དེ་ལ་མཛུབ་མོས་ལྷོད་ཀྱིས་བྱིལ་བྱིལ་བྱེད་ཀྱིན་གདའ་། ཁོའི་གདོང་པ་ཤོར་འདུག། ཁོའི་མིག་ཟུང་སྐྱོ་འདུག། ཁོའི་སྐྲ་ལོ་ནོགས་འདུག། སྔར་བཞིན་ཁོ་ཁ་ཤར་ལ་གཏད་ཡོད་པའིསྒེའུ་ཁུང་ཆུང་ཆུང་དེ་ཡི་མཁྲིས་ནས་ཕྱི་རོལ་ལ་ཅེར། ཕྱི་རོལ་ལ་འཁོར། ཕྱི་རོལ་ལ་འཁྱམས། དོན་གྱིས་སྒེའུ་ཁུང་གི་ཕྱི་རོལ་ན་ངོ་མཚར་བའི་བྱ་དངོས་ཅི་ཞིག་ཡོད་དམ།
ཁོ་ད་དུང་ཀྲོང་ངར་ལངས། ཁོས་ད་དུང་ཕྱི་རོལ་ཅེར་ནས་གདའ་།
མི་ཞིག་ནང་ལ་སླེབས་སོང་། སུ་ཞིག་ལ་ཁ་པར་གཏོང་བཞིན་གཏོང་བཞིན་སླེབས་སོང་། མི་དེ་མཚམས་ཤིག་ནས་ངུ་སོང་། ཁ་ནས་:ཨ་མ་ཨ་མ་མ་ངུ་མ་ངུ་། ང་ཡང་མི་ངུ་མི་ངུ:་ཟེར། མི་དེ་ཁོའི་མལ་གྲོགས་ཤིག་རེད། ཕ་ཡུལ་ལྷ་ས་ནས་རེད། མིང་ལ་ལྷག་པ་ཚེ་རིང་ཟེར།
ངུ་སྐད་དེ་ཡིས་ཁོའི་སེམས་པ་སྔར་ལས་གཟེར་སོང་། སྔར་ལས་མུག་སོང་།
ཁོའི་སེམས་པ་སྐྱོ་བཞིན་སྐྱོ་བཞིན་རང་ཉིད་ཀྱི་བརྩེ་བའི་ཨ་མ་རྒན་མོ་དེ་འདི་ལྟར་ཡིད་ལ་དྲན་ཏེ། ཨ་མ་ད་ལྟ་ཇི་འདྲ་ཡིན་ནམ། རྒས་ཡོད་དམ་མེད་དམ། ལག་ཟུང་ལ་སྔར་བཞིན་སེར་ཁས་ཁེངས་ཡོད་དམ་མེད་དམ། ཞིང་ཁ་ན་སྔར་བཞིན་ཡུར་མ་ཡུར་བཞིན་ཡོད་དམ་མེད་དམ། ཕྱུགས་རྗེས་ན་ད་དུང་ལ་ལུང་བརྒལ་གྱིན་ཡོད་དམ་མེད་དམ། ཡང་ན་བུ་ཆུང་ལ་རེ་ཞིང་སྒུག་ནས་བསྡད་ནས་ཡོད་དམ།
ཁོས་རང་ཉིད་ཀྱི་ཨ་མ་དེ་ལྟར་དྲན་སོང་བས། ད་ལྟ་ཉིད་དུ་ཨ་མའི་གསུངས་སྐད་ཅིག་ཐོས་ནས་ཤིན་ཏུ་སྙམ།
ཁོས་མལ་ཁྲི་སྟེང་ལ་གཡུགས་བཞག་ཡོད་པའི་ཁ་པར་དེ་བྲེལ་མྱུར་གྱིས་རག་ཙམ་བྱས་ཏེ། ཕྱིར་མལ་ཁྲིའི་སྟེང་ལ་གཡུགས་ཏེ་བཞག། ཅི་ཁག་ཨང་། དེ་ཡི་གློག་སྔ་མོ་ནས་རྫོགས་ཚར་བ་རེད། མཐར་དྲན་གདུང་དེ་ཡིས་བློས་བསླངས་ཀྱིས་རྐྱེན། ཁོ་ཕྱི་རོལ་ལ་ཁ་པར་གཏོང་དུ་འགྲོ་བར་བརྩམ། ལྷག་པ་ཚེ་རིང་གིས་ད་དུང་ཨ་མ་ལ་ཁ་པར་གཏོང་བཞིན་གདའ་། ཁོ་ཁུ་སིམ་སིམ་ཕྱི་ལ་སོང་། ཁོ་ད་ལྟ་ཕྱི་ལ་ཐོན་པ་འདི། ཉིན་མོ་འདི་ལ་ཐེངས་དང་པོ་དེ་ཡིན། ཁོ་ཕྱི་རོལ་འགྲོ་ན་མ་འདོད་པ་ཡིན་ནམ། ཡང་ན་གཞན་ཞིག་གམ།
ཁོ་ཕ་ཡུལ་ལ་ཁ་པར་གཏོང་ས་དེར་འབྱོར་དུས། དེ་ན་མི་ཧ་ཅང་གིས་མང་ལ། ཚང་མ་གཅིག་རྗེས་གཅིག་ལ་མཐུད་དེ་གྲལ་སྒྲིག་ནས་འདུག། ཡིན་ན་ཡང་། ཁོ་གྲལ་མཇུག་དེ་ནས་ལངས་ཏེ། ནང་གི་ཁ་པར་ལ་སྐེ་སྲེང་སྲེང་གིས་ཡང་ཡང་དུ་ལྟ། དེ་ན་ཕ་ཡུལ་ལ་ཁ་པར་གཏོང་ས་དྲུག་འདུག། མི་གཅིག་ཕྱི་ལ་ཐོན་སོང་། མི་གཅིག་ནང་ལ་འཛུལ་སོང་། མི་གཅིག་གིས་ངུ་སྐད་དང་སྦྲགས་སྐད་ཆ་བཤད་ཀྱིན་མཆིས། དེ་བུ་མོ་ཞིག་རེད། ལོ་ཉི་ཤུ་ཡས་མས་ཤིག་རེད་སྙམ། སྐད་ལ་ཉན་ན་ཕ་ཡུལ་ཁམས་ཕྱོགས་ནས་ཡིན་པ་འདྲ། མི་གཅིག་གིས་ཁ་པར་ཨང་གྲངས་ཡང་ཡང་མནན་གྱིན་མནན་གྱིན་འདུག། ཕལ་ཆེར། ཁ་པར་འགྲོ་ཐུབ་ཀྱིན་མེད་པ་འདྲ། ཕུགས་ཀྱིས་མི་དེ་ཡིས་ཨ་ཨ་ཨ་་་་མང་པོ་ཟེར་བཞིན་འདུག། སྐད་གསལ་བོ་གོ་བཞིན་མེད་པ་ཚོད་རེད།
ཁོ་སྔར་བཞིན་ལངས་ནས་འདུག། ཁོའི་རྒྱབ་ཀྱི་སྒེའུ་ཁུང་དེ་ནས་སྔོ་ལྗང་ལྗང་གི་སྐྱེས་ཤིང་ཁ་ཤས་ཐད་ཀར་མཐོང་ཐུབ། རླུང་གཡུགས་ཕྱོགས་ཀྱིས་སྐྱེས་ཤིང་གི་ཡལ་ག་རྣམས་ལྡམ་ལྡེམ་དུ་གཡོ་བཞིན་འདུག་ལ། ཡལ་གའི་ལོ་མའི་ཚོགས་ཀྱང་ཤུགས་ཤུགས་སུ་འགུལ་གྱིན་གདའ་། ད་དུང་ལོ་མའི་ངོགས་སུ་བབས་ཡོད་པའི་མུ་ཏིག་གི་ཟེགས་མ་དང་འདྲ་བའི་དྭངས་གཙང་གི་ཆར་ཐིགས་ཐར་ཐོར་དག་ལོ་མ་གཡོ་བ་མཉམ་དུ་ ཐ་རེ་ཐོར་རེ་ངང་མར་ལ་ཟགས་ཏེ། སྡོང་རྩ་ཡི་ཐུང་མ་ཐུང་གི་རྩྭ་ལྡུམ་དག་གི་ཐོག་ལ་ཐིགས་ཀྱིན་ཐིགས་ཀྱིན་འདུག
དྲན་གདུང་དང་སྐྱོ་བ་ཡིས་བརླན་པའི་ཁོའི་མིག་ཟུང་ཕྱི་ལ་ཤོར་ཏེ། སྐྱེས་ཤིང་དེ་ཚོར་ཅེར་ནས། ཨ་མ་ལ་སྐད་ཆ་ཅི་ཞིག་བཤད་དགོས་ཀྱིན་ཡོད་མེད་དང་། ཨ་མས་ཁོ་ལ་ཅི་ཞིག་འོང་སྙམ་བཞིན་འདུག་་་་་
མི་གཅིག་ཕྱི་ལ་ཐོན་སོང་།
“ཁ་པར་འགྲོ་འགྲོ་སོང་། གསལ་བོ་ཞེ་དྲག་མི་འདུག་ཟེར།”
མི་གཅིག་ནང་ལ་འགྲོ་སོང་།
“འདྲ་མི་འདྲ་མ་བཤད་། ཁ་པར་ལ་ཙག་སྒྲས་ཁེངས་འགྲོ་ཟེར།”
ཕྱོ་ལ་ཐོན་པའི་མི་དེ་ཡིས་དེ་ལྟར་ཟེར།
ཁོས་ཕྱི་ལ་ཐོན་བཞིན་པའི་མི་དེ་ལ་ལྟ། ཁོས་ནང་ལ་འགྲོ་བཞིན་པའི་མི་དེ་ལ་ཡང་ལྟ། སྐེ་སྲེང་སྲེང་གིས་གཞན་གྱིས་ཁ་པར་ཨང་གྲངས་མནན་གྱིན་པ་ལ་ཡང་ལྟ། ཏག་ཏག་ཐེངས་རྗེས་མའི་རྗེས་མ་ཁོ་ལ་ཁེལ་འདུག། ཁོའི་མདུན་ན་སྐྲ་སངས་ཡོད་པའི་བགྲེས་བོ་ཞིག་གིས་ཁ་ན་མ་ཎི་སྐྱོར་བཞིན། ལག་པས་ཕྲེང་བ་འདྲེན་གྱིན་མཆིས། བགྲེས་བོ་དེ་བསྡད་ས་ན་ལྷོད་ལྷོད་ཀྱིས་བསྡད་འདུག། ཁོ་རང་བསྡད་ས་ན་འཚབ་འཚུབ་ཀྱིས་ལངས་ནས་འདུག། ཕུགས་ཀྱི་མི་དེ་ཕྱི་ལ་ཐོན་སོང་། བགྲེས་བོ་དེ་ནང་ལ་འཛུལ་སོང་། ཟུར་གྱི་མི་དེ་ཡང་ཕྱི་ལ་སླེབས་སོང་། གཞི་ནས་ཁོ་ནང་ལ་འཛུལ་བར་རག
ཁོའི་སྙིང་གི་ལྡིང་ཚད་འཕར་སོང་། ལུས་ལ་ཚ་བ་རྒྱས། སྟོད་ཐུང་ཕུད་དེ་གྲུ་ཁུག་ལ་བཟུང་། གདོང་ཡང་ཅུང་དམར་ལ་ཆགས། ཅི་ཁག། ཁོས་ལོ་གཅིག་ལ་ཕ་ཡུལ་ལ་ཁ་པར་ཐེངས་མང་པོ་གཏོང་ཐུབ་ཀྱིན་མེད། ཁོས་ལམ་སང་ཁ་པར་འགྲན་པར་ཁྱེར་ཏེ། ༠༠༨༦༡༣༨༩༧༠༢༦༡༣༧ཞེས་བའི་ཨང་གྲངས་དེ་མཛུབ་མོས་མནན། ཁ་པར་འགྲོ་བཞིན་འདུག་ཏུའུ་ཏུའུ་་ཏུའུ་་ཁ་པར་དང་ལེན་བྱས་སོང་། འོན་ཀྱང་སྐད་ལ་ཙག་སྒྲས་ཁེངས་འདུག། ཁ་པར་གློ་བུར་ཏུ་ཆད་སོང་། ཁོས་ཡང་བསྐྱར་བཏང་། ཁ་པར་འགྲོ་བཞིན་འདུག་ཏུའུ་་ཏུའུ་་ཏུའུ་་ཁ་པར་དང་ལེན་བྱས་སོང་། ཨ་རོག་་་་སྔོན་མ་ལས་ཅུང་གསལ་བོ་ཡོད་པ་འདྲ།
“ཨ་རོག་་སུ་ཡིན”
“ང་ཡིན་་ཨ་བོ་གཅོད་པ་ཡིན་ཨ་ཕ་ཨེ་ཡིན”
“འོ་འོ་ངའི་གཅེས་ཕྲུག། ཡིན། ང་ཨ་ཕ་ཡིན”
“འོ་ཨ་ཕ་བདེ་མོ”
“བདེ་མོ་་་བདེ་མོ་་ཁྱོད་བདེ་མོ་”
“བདེ་མོ་བདེ་མོ་རྐྱང་ཡིན་་ཨ་མ་ཡོད་ཀི”
“ཨ་མ་ཡོད། ཁྱོད་ཀྱི་ལག་ན་སྒོར་མོ་ཨེ་ཡོད”
“ཡོད་ཡོད། ངས་ཨ་མ་ལ་ཁ་ཏ་བྱ་ན་འདོད་ཀི”
“འོ་ཡ་ཡ། ངའི་ཨ་མའི་ལག་པར་འཇོག”
“ངའི་ལོ་ལོ་ཡིན་ནེ”
“ཡིན། ཨ་མ་བདེ་མོ་ཡིན་ན”
“ཨ་མ་བདེ་མོ་ཡོན། ཁྱོད་ཀྱི་གསུས་པ་རྒྱགས་ཀྱིན་ཡོད་དམ། ན་ཚ་འདྲ་མེད་ལ”
“མེད་མེད། འདི་གའི་འཚོ་བ་ཡག་པོ་འདུག། སེམས་ཁྲལ་མ་བྱེད་འོ”
“ཡ་ཡ་་། ལག་གི་ སྒོེར་མོ་ཚར་སོང་ངམ། “
“ཡོད་ཡོད་་ད་དུང་ཡོད་་”
མཚམས་འདིར་ཁོའི་ཨ་མ་ངུ་བཞིན་པ་འདྲ།
ཁོས་་་་ཨ་མ་་ཨ་མ་་”ཞེས་འབོད་ཀྱིན་གདའ
ཁོའི་སེམས་པ་རྨང་ནས་སྐྱོ་སྟེ་མིག་ལ་མཆི་མས་ཁེངས་འདུག
ཁོས་ཡང་དུ་་་ཨ་མ་་་ཨ་མ་་་མ་ངུ་་མ་ངུ་་ཟེར
“འོ་ཡ་ཡ་ཨ་མ་མི་ངུ་མི་ངུ་་་་ད་ནམ་ཞིག་ལ་ཕ་ཡུལ་དུ་ལོག་ཡོང་གིན་ཡིན”
དྲི་བ་དེ་ཡིས་ཁོའི་སེམས་པ་བལ་གསེལ་གསེལ་དང་ཤིང་གསིལ་གསིལ་བྱས་སོང་མོད། ཁོས་ལམ་སང་ལྷོད་ཀྱིས། “ད་མགྱོགས་པོར་ལོག་ཡོང་ཐུབ་རྒྱུ་རེད། སེམས་ཁྲལ་མ་བྱེད་་འོ་་་ཨ་མ”
“ཨ་མས་ཁྱོད་དྲན་བཞིན་འདུག། ཨ་མའི་ལོ་ཡང་ཆེ་ལ་ཉེ། ལྷག་པར་ཏུ། ལོ་གསར་གྱི་སྐབས་དང་ཁྱོད་ཀྱི་ན་མཉམ་གྲོགས་པོ་ཚོ་མཐོང་དུས། ཧ་ཅང་གིས་དྲན་ཐལ། ས་མཐའ་ན་ཁྱོད་ལ་གཉེན་ཉེ་ས་སུ་ཡང་མེད་པས། ཨ་མ་ངའི་སེམས་ཁྱོན་ནས་མི་བདེ་ཨང་། ཁྱོད་ད་ལྟ་ཨ་མ་ངའི་གམ་ན་ཡོད་ན་ང་ཇི་འདྲའི་སྐྱིད་པ་ལ་”
ཁོའི་སེམས་པ་འཁྲུགས་ཏེ་སྐྱོ་བཞིན་འདུག
ཁོའོ་གདོང་པ་ཤོར་ཏེ་འཁྲེང་ཉམས་ཤོར།
ཁོའི་མིག་ཟུང་བཙུམ་ནས་མ་ཁ་སོ་ཡིས་བཏབ
“ཨ་མ་ལམ་སང་ལོག་ཡོང་གིན་ཡིན་་་སེམས་ཁྲལ་མ་བྱེད་་་འོ”
“འོ་་ཡ་་ཡ་ད་ཡག་པོ་རེད། ཨ་མས་ཁྱོད་ལ་སྒུག་ནས་འདུག། ད་མང་པོ་མ་བཤད། སྒོར་མོ་ཚར་འགྲོ་ནི་རེད། སོ་སོའི་གཟུགས་པོ་ལ་་་་་་་་་་་་”མཚམས་དེར། ཁ་པར་གློ་བུར་ཏུ་ཆད་སོང་། ཁོས་ཡང་བསྐྱར་བཏང་། ཁ་པར་འགྲོ་ཐུབ་ཀྱིན་མི་འདུག། ཁོས་ཡང་དུ་བཏང་སོང་མོད། ཁ་པར་ཡང་དུ་འགྲོ་མ་སོང་། ཁོས་ཡང་དུ་ཐེངས་གསུམ་པར་བཏང་སོང་། སྟབས་ལེགས་པ་ཞིག་ལ་ཐེངས་འདིར་ཁ་པར་འགྲོ་བཞིན་འདུག། ཏུའུ་་ཏུའུ་་་ཏུའུ་་་ཁ་པར་དང་ལེན་བྱས་སོང་། འོན་ཀྱང་། ཁ་པར་ལ་ཙག་སྒྲས་ཁེངས་ཏེ། ཉན་ན་འདོད་པའི་ཨ་མའི་གསུངས་སྐད་བསྐྱར་ཏུ་གོ་མ་ཐུབ། ཅུང་མ་འགོར་བར་དེ་ཡང་གློ་བུར་ཏུ་ཆད་སོང་། ཁོས་ཡང་བསྐྱར་བཏང་སོང་། ཁ་པར་འགྲོ་ཐུབ་ཀྱིན་མི་འདུག། ད་ཡང་བསྐྱར་ཁོས་ཀྱང་བཏང་མ་སོང་བར། ཁ་པར་ཕྱིར་མར་བཞག་ཏེ། གདོང་ལ་སྐྱོ་ཉམས་དང་མ་ཁེངས་བའི་ཉམས་དང་བཅས་ཁ་པར་ཁང་ལས་ཕྱི་ལ་ཐོན།
“དངུལ་ག་ཚོད་རེད”
“བརྒྱ་དང་ཉེར་བཞི་རེད་ཤ”
“ང་ལ་བརྒྱ་མ་གཏོགས་མི་འདུག། ཉེར་བཞི་རྗེས་ནས་སྤྲད་ན་འགྲིག་གམ”
“དེ་འགྲིག་གི་མ་རེད་གྲོགས་པོ། དངུལ་བུ་ལོན་ལ་མི་འཇོག་པ་ཡིན”
“ངས་སང་ཉིན་སྤྲད་ན་འགྲོག་གམ། ད་ལྟ་ངའི་སློབ་མའི་ལག་ཁྱེར་འདི་ནས་འཇོག།”
“ཨིན་་དེ་འགྲིག་ཨཱ། སང་ཉིན་ངེས་པར་ཤོག་ཨ་་་”
“ལགས་སོ་་་ཐུགས་རྗེ་ཆེ”
ཁོ་ཁ་པར་ཁང་གི་ཕྱི་ལ་ཐོན་དུས། ཆར་བ་འབབ་ཀྱིན་མེད་ན་ཡང་། གནམ་ངོ་སྔར་བཞིན་རུབ་ཏེ། སྤྲིན་ནག་རབ་ཏུ་འཁྲིགས་འདུག་པས། ཅུང་མི་འགོར་བར་ཆར་བ་འབབ་ཀྱིན་པ་དང་འདྲ། དུས་ཚོད་ཀྱང་ཡོལ་ཏེ། ས་ཡང་རུབ་ལ་ཉེ། ཁོའི་གྲོད་པ་སྟོང་ལྷང་ལྷང་ཡིན་ན་ཡང་། ཁོའི་སེམས་པ་ལྗིད་ཏིག་ཏིག་ཏུ་གནས། ཁོའི་གདོང་ལ་དགའ་སྐྱོ་འདྲེས་མའི་ཉམས་ཤིག་མངོན་ཏེ། ཕྱིར་མལ་ཁང་ལ་འགྲོ་བར་ཆས།
ཏག་ཏག་དུས་ཚོད་དེར། ཐག་ཉེ་ཐག་ཉེ་ནས་གྲགས་འོངས་བ་སྟེ། ཕྱོགས་གང་ལ་རྒྱུ་བའི་མེ་འཁོར་གྱི་དུང་སྒྲ་རིང་མོ་དེ་ཡིས། ཁོ་འཕྲལ་ཏུ་ཐག་རིང་ཐག་རིང་ཞིག་ལ་ཁྲིད་དེ་བུད་སོང་། སླར་ཡང་། ཐག་ཉེ་ཐག་ཉེ་ནས་གྲགས་འོངས་བའི་དགུང་ཟས་ཀྱི་ཅོང་བརྡ་སངས་མོ་དེ་ཡིས། ཕྱིར་ཁོ་ ཐག་ཉེ་ཐག་ཉེ་ཞིག་ལ་ཁྲིད་དེ་སླེབས་སོང་། གང་ལྟར། ལམ་འགྲན་གྱི་རྐ་ཆུ་རྙོག་མ་དེ་གང་ཞིག་ན་སུ་ཞིག་གིས་ངང་སྒུག་བྱེད་ཡོད་པ་ལྟར། བྲེལ་འཚུབ་ཀྱིས་མདུན་ལ་རྒྱགས་ཀྱིན་རྒྱུགས་ཀྱིན་གདའ་།
ཉལ་ཁང་དུ་འགྲོ་བར་གཞུང་ལམ་ཆེན་མོ་ཞིག་འཕྲེད་དུ་གཅོད་དགོས། ཁོའི་བློ་ན་ཕ་མའི་སྐད་ཆ་དག་ད་དུང་བྱ་རྒོད་ལྟར་ཡང་ཡང་ལྡིང་སྐོར་བྱེད་ཀྱིན་འདུག། སྟབས་མ་ལེགས་པ། ཡིད་དུ་མི་འོང་བ་ཞིག་ལ། ཁོའི་མགོ་བོ་ས་ལགཏད་དེ་འགྲོ་བཞིན་པའི་མུ་དེར། ཐོལ་གྱིས་རླངས་འཁོར་ཅིག་གིས་ཁོ་ལ་རྡུང་དེ། རྡུལ་ལོག་སེ། སྐྱ་ཉིལ་ལེ། འཚུབ་ཡུགས་སེ། ཐང་ལ་བསྒྱེལ། ས་ལ་རིལ། མགོ་བོ་རྡོ་ལ་རྡེབ། པུས་མོ་ས་ལ་དྲུད། ལག་གཡས་འགུལ་གྱིན་འདུག་མོད། རྐང་པ་འགུལ་ཙམ་ཡང་བྱེད་ཐུབ་ཀྱིན་མི་འདུག། མགོ་ན་ཁྲག་བཞུར་གྱིན་མཆིས། ལུས་ཡོངས་ན་ཟུག་གིས་འཁུམས་ནས་འཁུམས་ནས་འགྲོ་བཞིན་གདའ་། རླངས་འཁོར་དེ་བྱ་འཕུར་བ་ལྟར་བྲོས་སོང་། མི་ཚོགས་མཐའ་ལ་འདུས་ཀྱང་ལག་པས་རག་མཁན་སུ་ཡང་མ་བྱུང་། ཁོའི་ཁ་ན་ཨ་་་་མ་ཨ་་མ་་་ཨ་་་་མ་ཞེས་གོ་ལ་མི་གོ་ཡིས་འབོད་ཀྱིན་འབོད་ཀྱིན་འདུག། ཅུང་མ་འགོར་བར་བུ་མོ་ཞིག་བྲེལ་འཚུབ་དང་རྟབ་རྟབ་བོར་སླེབས་ཏེ། “གཅོད་པ་་་གཅོད་་་པ་་་་་”ཞེས་ངུ་སྐད་དང་སྦྲགས་འབོད་ཀྱིན་ཁོ་བཙོག་ལ་བཀྱགས་ཏེ། གདོང་གི་ཁག་རྣམས་ལག་པས་ཕྱིས་བཞིན་འདུག། ཁོས་ད་དུང་ཁ་ན་གསལ་ལ་མི་གསལ་གྱིས་ཨ་མ་་ཨ་་་་་མ་་་ཞེས་འབོད་ཀྱིན་མཆིས། མོས་་་སྨན་ཁང་་་སྨན་ཁང་ཞེས་འབོད་ཀྱིན་གདའ་། སྨན་པ་མ་སླེབས། མོས་་་་རོགས་པ་་་རོགས་་་ཟེར་ཏེ་སྐད་རྒྱབ། རོགས་པ་ཡང་མ་འབྱོར། མི་ཚོགས་ཀྱིས་མཐའ་ན་ཅེར། ཁྲག་གིས་བརྫིས་བའི་ཁོའི་མགོ་བོ་མོ་ཡིས་བྲང་ལ་བསྙེས། ཁོའི་ཡ་མགལ་མ་མགལ་མུག་མུག་གིས་འདར་གྱིན་འདུག། མཆི་མས་བསྐྱིལ་བའི་ཁོའི་མིག་ཟུང་ཕྱེ་མ་བཙུམ་གྱིས་ཁ་ན་དབུགས་ཀྱི་འབྱིན་རྔུབ་ཀྱང་མགྱོགས་སུ་མགྱོགས་སུ་འགྲོ་བཞིན་འདུག། མོ་ཡིས་ཁོ་ལ་དམ་པོར་འཐེན་ཏེ་ངུ་བཞིན་མཆིས། ཁོས་ལག་གཡས་ཀྱིས་མོའི་ལག་གཡོན་པར་དམ་པོར་འཇུས་ཏེ། དབུགས་འཚུབ་འཚུབ་དང་སྐད་འགྲགས་འགྲགས་ཀྱིས:་་་མཚོ་མོ་་་་་ཕ་ཡུལ་ན་་་་་ངའི་་་ཨ་་་མ་་་ད་་་དུང་་ཁ་པར་གཏོང་་་ས་་་དེར་་་་དངུལ་་ཉེར་་་བཞི་་སྤྲོད་་རོགས་་:གློ་བུར་ཏུ་མཚོ་མོ་སྐད་གསེང་མཐོན་པོས་ངུ་སོང་། གནམ་མཐའ་ནས་འུར་འུར་གྱིས་འབྲུག་སྐད་ཅིག་ཀྱང་གྲགས་སོང་། ཁོ་འགྲོ་སོང་། རྒྱང་རིང་རྒྱང་རིང་དེ་ལ་འགྲོ་སོང་བ་རེད། མོ་ལུས་སོང་། ཐག་ཉེ་ཐག་ཉེ་འདི་ནས་ལུས་སོང་། བམ་པོ་དེར་འཐེན་ནས་ལུས་སོང་། མོ་ཁོའི་བརྩེ་བའི་མཛའ་མོ་དེ་ཡིན་པ་རེད། མོ་ད་དུང་ངུ་བཞིན་འདུག། མཚན་སྨག་ཀྱང་ཁད་ཀྱིས་སླེབས་སོང་།
ཆར་བ་ཡང་ཤག་ཤག་ཏུ་བབས་སོང་།
No comments:
Post a Comment