སློབ་དང་ཁྲིད་།
ཐེ་ཚོམ་ལ་ཇི་ལྟར་འཇུག་ཚུལ་།
མཚམས་མཚམས་སུ་རང་ཉིད་ལ་དོགས་པ་རྣམ་རྟོགས་མང་དྲགས་འདུག་སྙམ་པའི་སེམས་ཁྲལ་རང་ཉིད་ཀྱིས་ཚོར་། དེ་སེམས་ཁྲལ་ཞིག་ཡིན་པའི་རྒྱུ་མཚན་དེ་ཡང་་གཏམ་དཔེ་ཞིག་གི་རྒྱུ་མཚན་ཡིན་ཏེ། གཏམ་དཔེ་དེ་ནི་བུ་བློ་མང་གི་དོན་མི་འགྲུབ། ཁབ་རྩེ་་གཉིས་ཀྱིས་འཚེམ་མི་ཐུབ་ཟེར་བ་དེ་རེད་། དེ་ཡི་བསྟན་དོན་ནི་སྐད་ཅིག་གི་རྣམ་རྟོག་འདྲ་མིན་དེ་ཡི་རྐྱེན་བྱས་ཏེ་། ལག་ལེན་གྱི་གོ་རིམ་འཆོལ་ཞིང་ཅི་ཞིག་འགྲུབ་པར་ཉེ་བ་ལ་བཀག་ཏུ་བཟོ་བ་དེ་རེད་།
ཐད་ཐད་ལ་ཅིག་ལྟོས་ན་དེ་བདེན་པར་མཐོང་བའི་སྣང་བ་ཞིག་ཐོལ་ཐོལ་ཏུ་སྐྱེས་ཡོང་མོད་། ཕྱོགས་གཞན་ཞིག་ནས་ལྟ་དུས་། གཏམ་དཔེ་དེ་ ཡིས་བསམ་བློའི་་རང་དབང་གི་སྐྱེད་བསྲངས་ལ་ཕོག་འགྲོ་ལ་བསམས་གཞིགས་ནུས་པའི་འཕལ་ཁ་ལ་གནོད་འགྲོ གང་ལྟར་། དོགས་པ་རྣམ་རྟོགས་འདི་དགོས་ངེས་ཤིག་ཀྱང་རེད་སྙམ། དེ་ནི་ཕྱི་རོལ་གྱིས་་ནང་སེམས་ལ་མངགས་པའི་ཚོར་འདུ་སྐྱེན་པོ་ཞིག་ཡིན་རྐྱེན་། ཕྱི་ཡི་གཡོ་བ་ལ་ནང་གི་འགྱུར་བ་ཞིག་སད་དེ་། ཚོར་རྟོག་གསར་བ་ཞིག་སྐྱེས་བའི་རྐྱེན་འཕྲད་པའོ་། དེ་གླགས་ཤིག་ཏེ་གསར་རྟོག་གི་གླགས་ཤིག་གོ་སྙམ།
ཚོར་རྟོག་གསར་བ་དེ་ཡི་དོན་ཕན་ཁྱད་གསུམ་ལ་ཁྱུག་ཙམ་བསམ་ན་། དང་པོ་། དེ་ཡིས་ཚོར་སྐྱེན་པ་སྟོན་པ། མི་ཡིན་པ་སྟོན་པ། བ་གླང་དང་བུང་བུ་ལྟ་བུ་སོགས་མ་ཡིན་པ་སྟོན་པ། ཤེས་མེད་ཚོར་མེད་མ་ཡིན་པ་སྟོན་པ། གཉིས་པ་། འཚོ་བ་ལ་འཇུག་པ་སྟོན་ཏེ་འཚོ་བ་ལ་ཉོབ་པའི་བློ་འགོག་ནུས་བ། ད་དུང་དེ་ཡིས་ལམ་སྣ་གསར་བ་འབྱེད་ཐུབ་ལ་། བློ་རིག་ལ་བཙོ་སྦྱོང་གིས་ལེགས་ཉེས་གོ་ལྡོག་ཡིན་མིན་སོགས་ཀྱི་ཡང་དག་པའི་བརྡར་གཅོད་ལ་སྐུལ་བའི་རྔོ་ཐོགས་འབེལ་བོ་གདའོ་བསམ།
ཡང་གཅིག་བཤད་ན་། དོགས་པ་རྣམ་རྟོག་འདི་ཐེ་ཚོམ་རེད་ཟེར་ན་། ཐེ་ཚོམ་ནི་ཤེས་རབ་ཀྱི་རྒྱུ་ཡིན་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གདམས་པའི་མན་ངག་རེད་།
ཡང་གཅིག་བཤད་ན་། ། དོགས་པ་རྣམ་རྟོག་འདི་ཐེ་ཚོམ་རེད་ཟེར་ན་། ཐེ་ཚོམ་ནི་ཉོན་མོངས་དྲུག་གི་ཡ་གྱལ་ཡིན་པ་སེམས་བྱུང་ང་དྲུག་ན་འཆད་།
གང་ལྟར་། ངའི་གྲོགས་མཆོག་བསྟན་ཟླས་བཤད་པ་བདེན་ལ་ཉེ། ཁོས་དོགས་པ་རྣམ་རྟོག་འདི་ཐེ་ཚོམ་ལ་བརྗོད་དེ་། དགོས་བའི་ཐེ་ཚོམ་དང་མི་དགོས་བའི་ཐེ་ཚོམ་གཉིས་སུ་དབྱེ།
དང་པོ། མཁོ་སྙེག་གི་ཐེ་ཚོམ་སྟེ། བློ་རིག་སློབ་གཉེར་ལ་འཇུག་པའི་དུས་ཐེ་ཚོམ་མཁོ། གཡོ་དང་སྒྱུ་ཡི་མདུན་ནས་ཐེ་ཚོམ་མཁོ། རྫུན་དང་ཁྲ་མའི་སྔུན་ནས་ཐེ་ཚོམ་མཁོ། བསམ་ནག་དཀར་སྒྲུབ་ཀྱི་དུས་ན་ཐེ་ཚོམ་མཁོ། སྲོད་ལ་ཅེ་སྤྱང་གྲགས་དུས་ཐེ་ཚོམ་དགོས། ཉིན་ལ་ཟླ་བ་ཤར་དུས་ཐེ་ཚོམ་དགོས། མཚན་ལ་ཉི་མ་ཤར་དུས་ཐེ་ཚོམ་མཁོ། མདོར་ན། རང་ཉིད་ཀྱིས་གཞན་བསླུ་བར་ཐེ་ཚོམ་དགོས། གཞན་གྱིས་རང་ཉིད་བསླུ་བར་ཐེ་ཚོམ་དགོས། རང་ཉིད་ཀྱིས་རང་ཉིད་བསླུ་བར་ཐེ་ཚོམ་དགོས། ལྷག་པར་ཏུ་གདོང་གི་མིག་དང་ནང་གི་སེམས་ལ་དེ་བས་ཐེ་ཚོམ་དགོས་བ་དེ་བཤད། དེ་དེ་ལྟར་བདེན་པས། དེ་ནི་རིག་པ་གྱེན་ལ་ཕྱོགས་པའི་རྒྱུ་དང་གདམས་ཀ་དག་པར་འདེམ་པའི་གནད་ཀྱི་དམ་པ་དེའོ་།
ཞོར་ལ་གདམས་ཀ་བཤད་ན་། གདམས་ཀ་མི་ཚེ་ལ་ཁེངས་ཡོད་པས་། མི་ཚེ་ནི་གདམས་ཀས་ཐག་གཅོད་བྱེད་། དེ་བས་། གདམས་ཀ་འགྲིག་ན་མི་ཚེ་སྐྱིད་ལ་གདམས་ཀ་ནོར་ན་མི་ཚེ་སྐྱོ་བའོ་། དེ་ནི་ཉི་མ་ལ་གཏད་ན་འོད་ཟེར་དང་མུན་པ་ལ་འཁོར་ན་ནག་ཁོང་ཡིན་པ་དེ་ལྟ་བུ་རེད་། དེ་ཡང་བློ་དང་རིག་པ་ཤེས་རབ་ཇི་ལྟ་བུ་ཞིག་གིས་གདམས་ཀ་དེ་ལྟ་བུ་ཞིག་ལ་ཐག་གཅོད་པས། དེ་དག་གི་རྩ་བ་གཏིང་ལ་ཟུག་ཏེ། རྩེ་མོ་གནམ་ལ་རྒྱས་རྒྱུ་ནི་འགག་གི་རྩ་བ་ལགས་ན་། དེ་དག་ལ་ཐེ་ཚོམ་གྱི་རྣམ་གྲངས་ཅན་དོགས་པ་རྣམ་རྟོག་འདི་རྒྱལ་ཁབ་ལ་རང་བཙན་ལྟར་མེད་དུ་མི་རུང་དེའོ་། རྒྱུ་མཚན་་ཐེ་ཚོམ་ནི་ཤེས་རབ་ཀྱི་རྒྱུ་ཡིན་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུང་དུ་གསུངས་ལ་ སློབ་གཉེར་ལག་ལེན་གྱི་ཁྲོད་ནས་ཀྱང་དེ་ལྟར་ཡིན་པ་གསལ་ཐིང་ཐིང་དུ་མངོན་གྱིན་ཡོད་། ཡང་གཅིག་བཤད་ན་ཐེ་ཚོམ་ནི་གདམས་ཀ་ལེགས་པར་འོང་བའི་ཐབས་ལམ་མཆོག་ཏུ་གྱུར་བ་དེའོ།
གཉིས་པ། མི་མཁོ་བའི་ཐེ་ཚོམ་སྟེ། ཕ་མའི་བརྩེ་བ་དང་བྱམས་སྐྱོང་ལ་ཐེ་ཚོམ་མི་དགོས། གྲོགས་ཀྱི་སྙིང་གཏམ་དང་མཛའ་བ་ལ་ཐེ་ཚོམ་མི་དགོས། ཉི་ཟེར་ན་ནག་ཐིག་བྲལ་བ་ལ་ཐེ་ཚོམ་མི་དགོས། དྲང་བདེན་གྱིས་ནམ་ཡང་མི་བསླུ་བ་ལ་ཐེ་ཚོམ་མི་དགོས། མུན་ཁུང་ནས་ལམ་ལ་ལྡོངས་བ་ལ་ཐེ་ཚོམ་མི་དགོས། སྒྲོ་སྐུར་གྱི་ཕུགས་མི་ཆོད་པ་ལ་ཐེ་ཚོམ་མི་དགོས། ཁྲམ་པ་ཡི་ཚེ་མི་སྐྱིད་པ་ལ་ཐེ་ཚོམ་མི་དགོས། བརྩེ་དུང་ལ་ན་ཟུག་བྲལ་བ་ལ་ཐེ་ཚོམ་མི་དགོས། མདོར་ན་། རང་ཉིད་རྟག་བརྟན་གྱི་མི་དག་པ་ལ་ཐེ་ཚོམ་མི་དགོས། རང་ཉིད་རང་ཉིད་ལ་དུངས་བ་ལ་ཡང་ཐེ་ཚོམ་མི་དགོས། དེ་དེ་ལྟར་བདེན་པར་མཐོང་བས། དེ་ནི་སེམས་ཀྱི་ཞི་བདེ་དང་བློ་ཡིས་བག་ཕེབས་ལ་ཕན་ནོ། དེ་ནི་ཕྱི་ཡི་ལྷིང་འཇགས་དང་ནང་གི་དབེན་པ་ལ་ཕན་ནོ།
གྲོགས་ཀྱིས་དོགས་པ་རྣམ་རྟོག་འདི་ཐེ་ཚོམ་ལ་བརྗོད་་དེ་། མཁོ་དང་མི་མཁོ་བའི་ཁག་གཉིས་སུ་དགར་བ་ན་། དྲན་ཚུལ་དེ་དག་ཤར་མར་བྱུང་བ་དེ་ལྟར་དུ་བཀོད་པ་ལགས་ན་། མཛོ་སུམ་ཅུ་ར་ཁ་དྲུག་ཅུ། མི་སུམ་ཅུ་སེམས་པ་སུམ་ཅུ་ཟེར་བ་ལྟར། ཁྱོད་ཀྱིས་དེ་ལྟར་མ་བསམ་ན་ཡང་ཆོག་ལ་འདོད་ན་ཡང་རུང་། གང་ལྟར་ཁྱོད་ལ་མངལ་བ་དེ་ནི་རང་དབང་ཆ་ཚང་དེའོ་། རང་དབང་ཆ་ཚང=ཕྱི+ནང་།
གནམ་འོག་ན་ཐེ་ཚོམ་དང་བྲལ་བའི་མི་ཡོད་པ་ང་ལ་ཡིད་ཆེས་མེད་། འོན་ཀྱང་། གནམ་འོག་ན་ ཡིད་ཆེས་<ཕ་རོལ་ལ་ཡིད་ཆེས་>དང་བྲལ་བའི་མི་ཡོད་པ་ང་ལ་རྟོན་པ་ཡོད་།
ཨོལ་ཤོལ<་osho>ཡིས་གསུངས་ན་། དད་པས་ཐེ་ཚོམ་མེད་པར་བཟོ་་མི་ཐུབ་ཀྱང་། ཅུང་གནོན་ཐུབ་པ་ཙམ་མོ་ཟེར་། ད་དུང་། ཐེ་ཚོམ་ནི་སེམས་ཀྱི་གཤིས་ལུགས་ཤིག་དང་དད་པ་ནི་ཕྱི་ཡིས་བསྐྲུན་པ་ཤིག་རེད་གསུངས་།
ཡང་མི་ཆོས་སྨྲ་བ་ཞིགས་དུང་གིས་ཀྱང་། དོགས་པ་དང་ཐེ་ཚོམ་ནི་མིའི་རིགས་ལ་ལྷན་སྐྱེས་སུ་གྲུབ་འདུག་ཅེས་<<དོགས་སློང་སྙིང་སྟོབས>>་ཀྱི་དོགས་སློང་སྙིང་སྟོབས་ན་དཔེ་དང་བཅས་གསལ་ཐག་ཆོད་དུ་བཀོད་འདུག ཡང་ཡང་བསམ་བློ་བཏང་མཐར་སྐད་ཆ་དེ་ཚོ་ངའི་བློ་ལ་བབས་སོང་། སྣང་བར་འགྲོ་སོང་།
གང་ལྟར། མི་མཁོ་བའི་ཐེ་ཚོམ་དེ་དུག་སྤང་སྤང་གིས་དོར་ཏེ། དགོས་བའི་ཐེ་ཚོམ་ལ་བུ་གཅེས་གཅེས་ཀྱིས་འཇུག་ན་ཐེ་ཚོམ་ལས་གཏན་གྱི་ཐར་བར་བྱེད་དེ་། རང་ཉིད་རང་ཉིད་ཀྱིས་ལེགས་པར་བཀོད་ཐུབ་པ་དེ ་ཐེ་ཚོམ་ཅི་ཡང་མི་འདུག
སྨྲས་བ།
ཐེ་ཚོམ་རྒྱ་ཡི་འཚོ་བར་ཐེ་ཚོམ་འཇུག
ཐེ་ཚོམ་བྲལ་བའི་ཉིན་མོ་ངང་གིས་སླེབས།།
ཐེ་ཚོམ་བྲལ་བའི་མི་ཡི་འཚོ་བ་ལ།།
ཐེ་ཚོམ་རྒྱ་ཡི་ནང་ནས་ཐར་མི་སྲིད་།།
No comments:
Post a Comment