Friday, October 7, 2011

ཐག་ཉེ་དང་རྒྱང་རིང 

  ༡
ནམ་རྒྱུན། ཐག་ཉེ་ས་ཉེ་ས་ཞིག་ནས
མེ་འཁོར་གྱི་དུང་སྒྲ་གྲགས་ཐེངས་རེ་རེར
སེམས་པ་འདི་རྟ་ཕོ་གཤོག་ཐོགས་ཤིག་དང་འདྲ་བར
རྒྱང་རིང་རྒྱང་རིིང་ཞིག་ལ་ཆས་ལ་འགྲོ
ང་། རྒྱང་རིང་ནས་རྒྱང་རིིང་ལ་སླེབས་འོངས་བའི་རྒྱང་རིང་གི་མི་ཞིག་ཡིན
ང་། རྒྱང་རིང་ནས་རྒྱང་རིང་ལ་སྙེག་གིན་ཡོད་པའི་རྒྱང་རིང་གི་མི་ཞིག་ཀྱང་ཡིན


གྲོགས་པོ་ལགས། གལ་ཏེ། རྒྱང་རིང་འདི་ཐག་ཉེ་ས་ཉེ་ས་དེ་ཡིན་རྒྱུ་ན
ངས་རྫ་མགོ་ཡི་ཆུ་མིག་དྭངས་མོ་དེ་སྣོད་ལ་བཅུས་ཏེ
ཨ་མའི་ཇ་ཕོར་ལ་ལྷོད་ཀྱིས་ལྡུག་སྲིད
ངས་རྩ་ཐང་གི་མེ་ཏོག་སེར་ཆེན་དེ་སེམས་ཀྱིས་བཏོགས་ཏེ
སྙིང་སྡུག་མའི་བྲང་ཁ་ལ་བརྩེ་བས་འདོགས་སྲིད
གྲོགས་པོ་ལགས། གལ་ཏེ། རྒྱང་རིང་འདི་ཐག་ཉེ་ས་ཉེ་ས་དེ་ཡིན་རྒྱུ་ན
ང་། རི་མཐོ་པོ་ཞིག་གི་སྒང་ལ་བུད་དེ
སྐད་གསེང་མཐོ་པའི་གླུ་ཞིག་ལེན་སྲིད་ལ
ད་དུང་། ལྷོག་ལྷོག་དགུང་ལ་འཕྱུར་བའིོི་བསང་ཞིག་ཀྱང་འབུལ་སྲིད
ང་། མཐའ་ཡས་བའི་རྩ་ཐང་ནས་འགྲེངས་ཏེ
ཞོགས་པའི་ཉི་ཟེར་དང་དགུང་ཁའི་མཚམས་སྤྲིན་ལ་ཡང་ལྟ་སྲིད
ད་དུང་། ཨ་ཇ་སྒྲོལ་མ་དང་མཉམ་དུ་བརྩེ་བའི་ལ་གཞས་ཀྱང་ལེན་སྲིད
ད་དུང་། རོལ་དབྱངས་ལྟ་བུའི་གཡང་དཀར་ལུག་གི་འབའ་སྒྲ་དང
གྱི་ལིང་རྟ་ཡི་འཚེར་སྐད། འབྲི་དང་འབྲི་མོའི་ངུར་སྐད་ལ་འགྲོགས་ཏེ
སྐྱིད་པའི་བྲོ་གར་ཡང་འཁྲབ་སྲིད
འོན་ཀྱང་། རྒྱང་རིང་འདི་ཐག་ཉེ་ས་ཉེ་ས་དེ་མ་རེད
འོན་ཀྱང་། རྒྱང་རིང་འདི་ཐག་ཉེ་ས་ཉེ་ས་དེ་ཡིན་ཡང་མ་སོང
མ་གཞི། རྒྱང་རིང་འདི་ཐག་ཉེ་ས་ཉེ་ས་དེ་ཡིན་དགོས་ཀྱང་དགོས་ཨང་།
གྲོགས་པོ་ལགས། ཐག་ཉེ་ས་འདི་ཇི་འདྲའི་ རྒྱང་རིང་ རྒྱང་རིང་ཞིག་ཡིན་པ་ཁྱོད་ཀྱིས་ཨེ་ཚོར་ལགས
  ༢
ནམ་རྒྱུན། ཐག་ཉེ་ས་ཉེ་ས་ཞིག་ནས
རྒྱལ་གླུ་གཏོང་བའི་སྒྲ་དབྱངས་གོ་ཐེངས་རེ་རེར
སེམས་པ་འདི་སྐར་མདའ་ཞིག་དང་འདྲ་བར
རྒྱང་རིང་རྒྱང་རིིང་ཞིག་ལ་ཆས་ལ་འགྲོ
ང་། རྒྱང་རིང་ནས་རྒྱང་རིིང་ལ་སླེབས་འོངས་བའི་རྒྱང་རིང་གི་མི་ཞིག་ཡིན
ང་། རྒྱང་རིང་ནས་རྒྱང་རིང་ལ་སྙེག་གིན་ཡོད་པའི་རྒྱང་རིང་གི་མི་ཞིག་ཀྱང་ཡིན
གྲོགས་པོ་ལགས། གལ་ཏེ། ཐག་ཉེ་ས་དེ་རང་དབང་གི་ལྗོངས་ཤིག་ཡིན་རྒྱུ་ན
ཨ་མ་སྒྲོལ་དཀར་གྱིས་གངས་ལྷ་མེ་ཏོག་ཅིག་ཕྱག་ལ་བསྣམས་ཏེ
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལ་འབུལ་སྲིད
ཇོ་ཇོ་ཟླ་བ་ཡིས་དར་ལྕོག་རིང་མི་ཞིག་དགུང་ལ་ཁྱེར་ཏེ
ཀི་ཀི་བསཱོ་བསཱོ་ཡི་ལྷ་རྒྱལ་ཡང་འཐེན་སྲིད
གྲོགས་པོ་ལགས། གལ་ཏེ། ཐག་ཉེ་ས་དེ་རང་དབང་གི་ལྗོངས་ཤིག་ཡིན་རྒྱུ་ན
འབྲོག་པ་ཚོས། ནོར་ལུག་གི་གཡང་ཁ་དང་རྩ་ཐང་གི་མཛེས་སྡུག
རྫ་ཆུ་ཡི་ཞིམ་མངར་སོགས་རྒྱབ་ལ་བསྐྱུར་ཏེ
ཅ་ཅོ་དང་འདུ་འཛི། ད་དུང་། འུར་ཟིང་ཆེ་བའི་གྲོང་ཁྱེར་གྱི་ཁང་བརྩེགས་ཀྱི་གསེང་ནས་འཚོ་མི་སྲིད་ལ
གཡའ་དག་པའི་སྤྱོད་བཟང་ཡང་དོར་ག་ལ་སྲིད
ཞིང་བ་ཚོས་ཀྱང་། འབྲི་རིགས་ཀྱི་འཕེལ་ཁ་དང་བདེ་སྐྱིད་ཀྱི་འཚོ་བ
ལྷིང་འཇགས་ཀྱི་གྲོང་རྡལ་སོགས་རྒྱང་ལ་གཡུགས་ཏེ
ཆང་ཁང་དང་དུ་ཁང་། ད་དུང་ཞང་ཁང་མོད་པའི་གྲོང་ཁྱེར་གྱི་མཁའ་རླུང་ནག་པོའི་ཁྲོད་ནས་ཀྱང་གནས་མི་སྲིད
ཁྱོད་བཟང་ང་བཟང་གི་གཤིས་སྤྱོད་ཀྱང་དོར་ག་ལ་སྲིད
ད་དུང་། ཁྲག་རྒྱུན་ལྟ་བའི་ཡར་ཀློང་གཙང་བོའི་དྭངས་གཙང་གི་བཞུར་རྒྱུན་ལ
མག་མོག་གི་དྲི་མས་གོད་མེད་ལ
དབུ་འཕང་འདྲ་བའི་ཇོ་མོ་གླང་མའི་རབ་དཀར་གྱི་རང་མདངས་ལ
འབག་བཙོག་གི་སྙིགས་མ་ཡང་ཡོད་མི་སྲིད
འོན་ཀྱང་། ཐག་ཉེ་ས་ཉེ་ས་དེ་ རྒྱང་རིང་འདི་ལྟ་བུ་ཞིག་མ་རེད
འོན་ཀྱང་། ཐག་ཉེ་ས་ཉེ་ས་དེ་ རྒྱང་རིང་འདི་ལྟ་བུ་ཞིག་ཡིན་ཡང་མ་སོང
མ་གཞི། ཐག་ཉེ་ས་ཉེ་ས་དེ་ རྒྱང་རིང་འདི་ལྟ་བུ་ཞིག་ཡིན་དགོས་ཀྱང་དགོས་ཨང
གྲོགས་པོ་ལགས། རྒྱང་རིང་ས་རིང་ས་དེ་ཇི་འདྲའི་ཐག་ཉེ་ཐག་ཉེ་ཞིག་ཡིན་པ་ཁྱོད་ཀྱི་ཨེ་ཤེས་སམ
  ༣
ནམ་རྒྱུན། ཐག་ཉེ་ས་ཉེ་ས་ཞིག་ནས
མེ་འཁོར་གྱི་དུང་སྒྲ་དང་རྒྱལ་གླུ་ཡི་སྒྲོག་དབྱངས་ལ་ཉན་ཐེངས་རེ་རེར
སེམས་པ་འདི་མེ་སྟག་ཅིག་དང་འདྲ་བར
རྒྱང་རིང་རྒྱང་རིིང་ཞིག་ལ་ཆས་འགྲོ
ང་། རྒྱང་རིང་ནས་རྒྱང་རིིང་ལ་སླེབས་འོངས་བའི་རྒྱང་རིང་གི་མི་ཞིག་ཡིན
ང་། རྒྱང་རིང་ནས་རྒྱང་རིང་ལ་སྙེག་གིན་ཡོད་པའི་རྒྱང་རིང་གི་མི་ཞིག་ཀྱང་ཡིན

No comments:

Post a Comment