Thursday, November 3, 2011

ན་གཞོན་གསར་བའི་སྐད་སྒྲ
བསོད་ནམས་རྒྱལ
ཁྱོད་ཀྱིས་ཞོགས་པའི་ཉི་ཟེར་ལ་ལྟོས་མྱོང་ངམ
ཁྱོད་ཀྱིས་དགོང་ཁའི་མཚམས་སྤྲིན་ལ་ལྟོས་མྱོང་ངམ
ཁྱོད་ཀྱིས་རྒོད་པའི་རང་དབང་གི་གཤོག་འགྱུར་ལ་ལྟོས་མྱོང་ངམ
འོ་ན།  ཁྱོད་ཀྱིས་ས་ཆེན་གྱི་བྲང་གཞུང་ལ་སེམས་ཀྱིས་རེག་རེག་བྱས་མྱོང་ངམ
འོ་ན་།  ཁྱོད་ཀྱིས་ཆུ་བོའི་བཞུར་རྒྱུན་ལ་རྣ་བས་གསན་གསན་བྱས་ཨེ་མྱོང
འོ་ན།  ཁྱོད་ཀྱིས་དྲག་ཏུ་འཕྱོ་བའི་རྦ་རླབས་ལ་གཏད་དེ་ཀྲོང་ངེར་འགྲེང་མྱོང་ངམ





རང་དབང་།  སུ་ཞིག་གི་བླ་སྲོག་ལ་འཐིམས་པའི་ཟོར་ཡང་གི་གཤོག་འགྱུར་ཅིག
སྙིང་སྟོབས།   སུ་ཞིག་གི་སེམས་ཁོངས་ན་འབར་བའི་མེ་ལྕེ་དྲག་པོ་ཞིག
མཛེས་སྡུག།    སུ་ཞིག་གི་བྲང་ཁོག་ན་བཞད་པའི་རྨི་ལམ་གྱི་མེ་ཏོག་ཆུན་པོ
བརྩེ་དུང་།    སུ་ཞིག་གི་གློ་དང་རྒྱུ་མའི་བར་ན་འཁྱུག་པའི་གློག་ཞགས་དམར་པོ་ཞིག


འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ།
ན་གཞོན་གསར་བ་ནི་མཚམས་སྤྲིན་ལྟ་བུའི་མཛེས་སྡུག་དང
ཉི་ཟེར་འདྲ་བའི་བཀྲག་མདངས
གཤོག་འགྱུར་ལྟ་བུའི་རང་དབང་དང
རྦ་རླབས་དང་མཚུངས་བའི་སྙིང་སྟོབས་ཀྱི་བདག་ཉིད་ཅན་ཡིན་ནོ


འདི་ནི་ན་གཞོན་གསར་བའི་ཐུན་མིན་གྱི་རང་གཤིས་དང
རང་ངོ་རང་གི་ཟིན་པའི་ལེ་ཚན་ཡང་ཡིན
2
དུས་ཚོད་ཡོངས་ཀྱི་ཁ་གདང་ཏེ་མཐོང་བྱེད་མིག་ཀྱང་བགྲད
ནམ་མཁའ་ཐམས་ཅད་རྡུལ་གྱིས་ཁེངས་ཏེ་ལོ་མ་མཐའ་དག་ཡོངས་སུ་འཁུམས
རྐང་ལག་ཡོངས་རྫོགས་སྒྲོག་གིས་བསྡམས་ནས་ངོ་གདོང་ཧྲིལ་བོ་སེར་ཁ་གས
གསོན་པོ་ཁོག་གི་སྙིང་དམར་བྲུས་ཤིང་ཤི་བོའི་དུར་སའི་རྒྱུ་མ་སློག
རི་ལུང་ཀུན་ལ་ཁྲག་གིས་བརྫིས་ཤིང་གཙང་ཆབ་སྔོན་མོ་ཁྲག་ལ་བསྒྱུར
གཉའ་ལ་རྟ་ལྟར་ཞོན་ཏེ་རང་ཁྱིམ་དྲོན་མོའི་དགོད་སྒྲ་གཏོར་ཅིང་གཏོར


མིག་ཆུ།         སུ་ཞིག་གི་སྙིང་ལ་གོས་ཁ་ཤོར་་བའི་ཁྲག་ཐིགས་རེ་རེ
ན་ཟུག།          སུ་ཞིག་གི་སེམས་ངོགས་སུ་བཏབ་པའི་མེ་མུར་གྱི་ཕོན་པོ
ཤ་འཁོན།         སུ་ཞིག་གི་ངོ་གདོང་ན་འབར་བའི་ཁྲོ་བ་ཡི་མེ་དཔུང་ནག་པོ
འགན་འཁྲི།       སུ་ཞིག་གིས་དགུང་ལ་ཁྱེར་བའི་སེམས་ཀྱི་དཔའ་འབར་ཆེན་པོ་ཞིག


འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ
ན་གཞོན་གསར་བ་ངུ་དགོས།   ན་ཟུག་གིས་ངུ་དགོས
ངུ་བཞིན་ངུ་བཞིན་དགོད་དགོས།      ང་རྒྱལ་གྱིས་བགད་དེ་མཆོངས་དགོས
མི་རབས་གསར་བ་ཁྲོ་དགོས།     ཤ་འཁོན་གྱིས་ཁྲོ་དགོས
ཁྲོ་བཞིན་ཁྲོ་བཞིན་དགའ་དགོས།         སྤོབས་སེམས་ཀྱིས་དགའ་སྟེ་བསྐྱོད་དགོས


འདི་ནི་ན་གཞོན་གསར་བའི་ལས་འགན་དང
སྐྱོ་གར་སྙིང་སྟོབས་ལ་བསྒྱུར་བའི་ལེ་ཚན་ཡང་ཡིན
ཕ་མས་སྤྲད་པའི་མགོ་བོ་མཐོ་པོ་དེ་གཞན་གྱི་རྐང་འོག་ལ་མི་འཇོག
རང་ལ་ཡོད་པའི་རང་ཚུགས་དེ་ཅི་ལྟར་ཡང་གཞན་ལ་བཙན་གྱིས་ཀྱང་མི་བསྒྱུར
དུངས་ཞེན་གྱི་རལ་གྲི་གཉའ་ལ་ཁྱེར་ཏེ་སྲོག་གི་དངོས་ལུགས་དངོས་མ་དེ་ཡང་མི་གསོད
རང་གི་བསྒྲུབ་འདོད་པ་དེ་ཤུགས་་ཀྱིས་བསྒྲུབས་ཏེ་མཚན་མོའི་རྨི་ལམ་འཁྲུགས་པར་ཡང་མི་བྱེད
གཉའ་གནོན་དང་བཙན་འཛུལ་གྱི་གོ་མཚོན་ཇི་ལྟར་རྣོ་ཡང་སྒལ་ཚིགས་མཁྲེགས་པོ་དེ་གཅོད་མི་ཐུབ
རླུང་འཚུབ་དང་དྲག་ཆར་གྱི་ཉིན་མཚན་ཇི་ལྟར་རྩུབ་ཀྱང་<<ལང་ཚོའི་རྦབ་ཆུ>>་ཡི་ཞལ་ཆེམས་སེམས་ཀྱིས་དོར་མ་སྲིད




ང་རྒྱལ།      སུ་ཞིག་གི་ཐོད་ལ་བཏེགས་ཡོད་པའི་དར་ཆ་རིང་མོ་ཞིག
དྲང་བདེན།      སུ་ཞིག་གི་ཚེ་སྲོག་གིས་སྲུང་བའི་སྙིང་གསོན་པོ་ཞིག
རང་ཚུགས།          སུ་ཞིག་གི་གཡོ་བ་མེད་པའི་མཁར་རྫོང་བརྟན་པོ་ཞིག
བསམ་བློ།             སུ་ཞིག་མཆོངས་བསྐྱོད་ལ་མཁོ་བའི་ཟད་པ་མེད་པའི་ལྷམ་ཟུང་གཅིག


འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ།
ན་གཞོན་གསར་བའི་མགོ་བོ་རིན་པོ་ཆེ་ནམ་ཡང་བསྒུར་མི་སྲིད་ལ
ན་གཞོན་གསར་བས་ནམ་ཡང་རང་ཉིད་བོར་ཡང་མི་སྲིད
ན་གཞོན་གསར་བས་རང་ཉིད་ནི་འཇིག་རྟེན་འདིར་ཁོ་ན་ཉིད་ཡིན་པའི་ར་སྤྲོད་བྱེད
དེ་བས་ཁོ་ཚོ་ལ་ཡོད་པ་ཁོ་ན་ཡང་རང་ཉིད་ཁོ་ན་ཡིན་ཞིང
ཁོ་ཚོའི་སྲུང་བྱ་ཡང་རང་ཉིད་ཀྱི་བསྒྲགས་གཏམ་ཁོ་ན་ཡིན


འདི་ནི་ན་གཞོན་གསར་བའི་རང་ཚུགས་དང
གསར་གཏོད་ལ་ཕྱོགས་པའི་ལེ་ཚན་ཡང་ཡིན
ནམ་མཁའི་དབྱིངས་སུ་ཉི་འོད་དང་ཟླ་འོད
ཐ་ན།    སྐར་ཚོགས་ཀྱང་མེད་དུས
ཕ་ཡུལ་གྱི་ནམ་ཟླ་ཧ་ཅང་འཁྱགས་ཏེ
རུས་པའི་ནང་གི་རྐང་ཡང་འཁྱགས་ཀྱིས་བསྡམས་ལ་ཉེ
ཏག་ཏག །   ཏག་ཏག་གི་བར་སྐབས་དེར
ཉི་མ་འདྲ་བའི་མེ་དཔུང་ཞིག་་གངས་ཅན་པའི་མཁའ་དབྱངས་སུ་དྲག་ཏུ་འཕྱོ་་སོང


མཆོད་མེ་གཅིག་སྒྲོན།     སུ་ཞིག་གིས་རང་དབང་ལ་མཆོད་པའི་ཁྲག་གི་མཆོད་མེ་ཞིག
མཆོད་མེ་གཉིས་སྦར།      སུ་ཞིག་་གིས་གསོན་པ་ལ་སྒྲོན་པའི་ན་ཟུག་གི་མཆོད་མེ་་ཞིག
མཆོད་མེ་གསུམ་འཕྱོ།        སུ་ཞིག་གི་བདེ་སྐྱིད་ལ་སྦར་བའི་འགན་འཁྲི་ཡི་མཆོད་སྦྱིན་ཞིག
ད་དུང་་་་ད་དུང་་་་་་་་་་ད་དུང་་་་་་་་་་་


འདི་ནི་ན་གཞོན་གསར་བའི་སྐད་སྒྲ་་ལགས
ན་གཞོན་གསར་བས་རང་ལུས་མཆོད་སྦྱིན་བྱས་ཏེ་འོད་ཟེར་དང་དྲོལ་ཁོལ་ལ་སྙེག
ན་གཞོན་གསར་བས་རང་ལུས་མེ་ལ་སྦར་ཏེ་བདེ་སྐྱིད་དང་རང་དབང་རྩད
ན་གཞོན་གསར་བའི་མཚོན་པ་ནི་འོད་ཟེར་ཡིན་ལ
ན་གཞོན་གསར་བའི་དམ་བཅའ་ཡང་གསོན་པའི་ཆེད་དུ་འཆི་བ་ཡིན
ན་གཞོན་གསར་བ་མཚན་སྨག་འཇོམས་པའི་འབྲི་མར་སེར་བའི་མཆོད་མེ་དེ་ཡང་ཡིན


འདི་ནི་ན་གཞོན་གསར་བའི་སྙིང་སྟོབས་་དང་འཐབ་རྩོད་ཡིན་
མི་རབས་གསར་བ་ལམ་དུ་ཞུགས་པའི་ལེ་ཚན་ཡང་ཡིན






No comments:

Post a Comment