Sunday, February 26, 2012

ང་དོན་གྱིས་སུ་ཡིན་ནམ།




ང་དོན་གྱིས་སུ་ཡིན་ནམ།



ང་འགྱུར་སོང་བ་ཡིན་ནམ།
ང་འཆུག་གིན་ཡོད་དམ།
དཔེ་ཆ་མཐོང་ན་མགོ་གཟེར།
 རིག་གནས་གླེང་ན་སྙིང་ན།
གོམས་སྲོལ་བརྗོད་ན་ཞེ་མེར།
འོན་ཀྱང་། ང་དེ་ལ་ཕྱོགས་ཤིང་དེ་ལ་འཐིམས།



ང་དོན་གྱིས་སུ་ཡིན་ནམ།
དཔེ་ཆ་དེ་ཡིན་ནམ།
རིག་གནས་དེ་ཡིན་ནམ།
གོམས་སྲོལ་དེ་ཡིན།
ཡང་ན་ཚང་མ་ཡིན།
ངས་བསམ་བློ་གཏོང་དུས།
ངས་ལས་ཀ་བྱེད་དུས།
ང་དེ་དག་གི་ར་བ་ལ་ཚུད་དེ།
དེ་དག་གིས་ང་བཀོལ་གྱིན་པ་ཤིན་ཏུ་བདེན་ཨང་།
འོ་ན་ང་ཁོལ་པོ་ལྟ་བུ་ཞིག་ལ་འགྱུར་མི་འདུག་ཨང་།

གཞོན་ནུ་དོན་གྲུབ་སངས་ཇི་ལྟར་རྒྱས་བ་ཡིན་ནམ།
ཏར་ཝུན་གྱིས་འཕེལ་འགྱུར་སྨྲ་བ་ཇི་ལྟར་བསྒྲགས་པ་ཡིན་ནམ།
བ་ཐིག་གིས་རླངས་པའི་འཁོར་ལོ་ཇི་ལྟར་བཏོད་པ་ཡིན་ནམ།
ལོ་ཙི་ཡིས་ཀུན་སྤྱོད་སྨྲ་བ་ཇི་ལྟར་གསུངས་བ་ཡིན་ནམ།
མདོར་ན་གནམ་འོག་གི་གསར་གཏོད་པ་ཚོས་གསར་གཏོད་ཇི་ལྟར་བྱས་པ་རེད།

ང་ཁོང་ཚོ་དང་མ་འདྲ་ས་ཅི་ཡོད།
ང་ལ་གསར་གཏོད་ཀྱི་ནུས་པ་ཡོད་དམ།

གལ་ཏེ། ང་ཡི་བློ་ཁམས་འདི་ས་ཆུ་དྲོད་གསུམ་གྱིས་གཏམས་པའི་གཞུངས་ས་ཞི་ཡིན་རྒྱུ་ན།
ངས་དེ་ལ་སུ་ཞིག་གིས་ཀྱང་མཐོང་གཤོལ་གཟུགས་ཏེ་རྨོ་འདེབས་བྱེད་དུ་མི་འཇུག
ངས་དེ་ལ་རང་བྱུང་གིས་ལྷུན་ཆགས་ཀྱིས་མེ་ཏོག་དང་རྩྭ་ལྗང་སྐྱེས་སུ་འཇུག་གོ
འཚོལ་སྙེག་འདིའི་ཆེད་དུ་ངས་ཡོད་ཚད་མགོ་ནས་མགོ་བརྕམ་དགོས་ཀྱིན་འདུག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༢༠༡༢།༢།༢༠ཉིན་ལ།

No comments:

Post a Comment