སྐབས་དེར། ང་གངྒའི་འགྲན་ན་ཡོད།
འབྲི་དེབ་ནར་མོ་དེ
ཉིན་ཐོ་ཡི་འབྲི་དེབ་རྙིང་པ་ཞིག་རེད
འབྲི་དེབ་དེ་ཡི་ཤོག་ལྷེབ་རེ་རེ་ཕར་ལ་རྫོགས་དུས
སྟོང་སང་ངེ་།དཀར་ཤགས་སེ།བྱེ་མའི་ཐང་དང་འདྲ
སྐབས་དེར། ང་གངྒའི་འགྲན་ན་ཡོད།
གངྒའི་མགོ་ལ་ལྟ་མ་ཕོད
སྨྱུག་བུ་ཕྲ་མོ་དེ
ཉིན་ཐོ་འབྲི་བྱེད་ཅིག་རེད
སྨྱུག་བུ་དེ་འབྲི་དེབ་དེའི་སྟེང་ནས་གྲུ་བ་ལྟར་བགྲོད་དུས
སྨྱུག་བུ་དེ་ཡི་སྣག་ཆུ་སྐམ་འདུག
སྐབས་དེར། ང་གངྒའི་འགྲན་ན་ཡོད།
གངྒའི་མགོ་ལ་ལྟ་མ་ཕོད
སློབ་གཉེར་བ་དེ
ཉིན་ཐོ་འབྲི་མཁན་ཞིག་རེད
ཁོས་སྨྱུག་གུ་བཟུང་ཏེ་འབྲི་དེབ་ལ་འཐེན་དུས
གངྒ་རྙོག་སྟེ་ཆུ་བོ་བྲི་འདུག
སྐབས་དེར། ང་གངྒའི་འགྲན་ན་ཡོད།
གངྒའི་མགོ་ལ་ལྟ་མ་ཕོད
༢༠༡༢།༤།༩་ཉིན།
No comments:
Post a Comment