Friday, August 24, 2012

                                                                         ཁུར་མོང་གི་སྒྲུང་།

ཉིན་ཞིག་ཁུར་མོང་གི་རོགས་ལོ་ཁོ་རང་དང་ཁ་བྲལ་ཏེ་རྒྱང་ལ་ཕྱིན་སོང་བས།ཁོ་རང་སེམས་པ་སྐྱོ་ཐག་ཆོད་ནས་སྡུག་གི་མིག་ཆུ་བཏོན་ནས་འདུག་དུས་རླུང་ཞིག་གིས་མཐོང་ཏེ་ཁོའི་གམ་ལ་སླེབས།

ཁུར་མོང་གིས་རང་ཉིད་ཀྱི་སྡུག་བསྔལ་རླུང་བུ་ལ་བཤད་རྗེས།རླུང་བུས་རང་ཉིད་ཁུར་མོང་དང་མཉམ་དུ་ཁོ་རང་གི་རོགས་ལོ་བཙལ་ཏུ་འགྲོ་རྒྱུའི་སེམས་ཐག་བཅད།འདི་ལྟར།རླུང་བུས་ཁུར་མོང་ཁུར་ནས་འཛམ་བུ་གླིང་གི་གྲ་ག་གྲུ་ག་གང་སར་སོང་།

དུས་ཚོད་ནི་ཡུན་ནས་འགོར།རླུང་བུ་ཁུར་མོང་ལ་བརྩེ་འདངང་ཆགས།དེ་བས་རླུང་བུས་ཁུར་མོང་གི་རྗེས་སུ་དཀའ་སྤྱད་སྡུག་རུས་ཀྱིས་བསྙེགས་ན་ཡང་།ཁུར་མོང་གིས་ཁོ་ལ་ཡང་ནས་ཡང་དུ་ཁ་ཡ་མ་བྱས་པས།་ཁོ་རང་ཅི་བྱ་གཏོལ་བྲལ་ཏུ་བཏང་།

རླུང་བུའི་ཡིད་སེམས་སྡུག་གིས་གཡོགས།མཇུག་མཐར།ཁུར་མོང་གིས་རང་ཉིད་ཀྱི་རོགས་ལོ་རྙེད་སོན་བྱུང་།ཡིན་ཡང་།དུས་ཚོད་ཀྱིས་ཁོས་རང་ཉིད་ཀྱི་རོགས་ལོ་ལ་བཅངས་བའི་བརྩེ་འདང་དེ་རྨག་མེད་དུ་བཏང་ཡོད་པས།རང་ཉིད་རོགས་ལོ་ལ་འཕྲད་པའི་དགའ་ཚོར་ཅིག་གཏན་ནས་མ་སྐྱེས།དེ་བས་ཁུར་མོང་གི་གཞི་ནས་དུས་ཚོད་མང་པོ་འགྲོགས་ཡུན་གྱིས་རྐྱེན་པས།རང་ཉིད་ཀྱི་སེམས་པ་རླུང་བུ་ལ་ཕྱོགས་ཡོད་པ་དེ་རྟོགས་སོང་།ཁུར་མོང་གི་སེམས་པ་སྔ་མོ་ནས་རླུང་བུ་ལ་ཤོར་ཚར་འདུག

ཁ་ཕྱིར་ལ་འཁོར་ཏེ་རླུང་བུ་ལ་རང་ཉིད་ཀྱིས་ཁོ་ལ་བཅངས་བའི་བརྩེ་འདང་དེ་བརྗོད་ན་བསམ་མོད།འོན་ཀྱང་།རླུང་བུ་གར་སོང་ཆ་མེད་དུ་གྱུར་ཏེ་གྲིབ་མ་ཙམ་ཡང་མ་མཐོང་།འདི་ལྟར་ཉིན་འདས་ཟླ་འདས་སོང་ཡང་།རླུང་བུ་ཡི་གྲིབ་གཟུགས་ཙམ་ཡང་མ་མཐོང་བས།ཁུར་མོང་ལ་འགྱོད་གདུང་དྲག་པོ་སྐྱེས།

གལ་སྲིད།ཐོག་མ་ཉིད་ནས་རང་ཉིད་རླུང་བུ་ལ་བརྩེ་འདང་ཡོད་པར་ངོས་ལེན་བྱས་ཡོད་ཚེ།མཇུག་འབྲས་ནི་འདི་འདྲའི་སྐྱོ་དགོས་བ་ཞིག་མིན་ཀྱང་སྲིད།ཁོ་རང་གིས་དུས་ཚོད་ཀྱིས་ཁོ་ལ་སྤྲད་པའི་གོ་སྐབས་བཟང་པོ་བཏང་ཞིང་རླུང་བུས་ཡང་ཡང་ཁོའི་ཕྱིར་ལྟོས་ལ་རེ་བའི་སེམས་པ་དེ་རང་ཐལ་ཏུ་བརླག

ཁོ་རང་།ཚམ་ཚོམ་གྱི་རྒྱ་ལ་ཚུད། ཁོ་རང་། ཅི་བྱ་གཏོལ་མེད་དུ་གྱུར། དེ་ནས་རླུང་བུ་སེམས་ཀྱི་དོར་རྒྱུ་དང་ཁོ་ལ་སྨོན་འདུན་ཞུ་རྒྱུ་ཡང་མཚམས་འཇོག་བྱ་རྒྱུའི་སེམས་ཐག་བཅད་དེ་རང་ཉིད་ཁེར་བཞུད་ཀྱི་ཀློང་དུ་འགྲིམས།
སྐྱོ་མུག་གི་སེམས་པ། འགྱོད་གདུང་གི་མིག་ཟུང་། སིམ་པའི་སྔོ་སངས་ལ་གཏད་དེ་རྒྱང་རིང་རྒྱང་རིང་ཞིག་ལ་ཅེར་ཏེ་ཁེར་རྐྱང་དུ་ལྷག།

No comments:

Post a Comment