Tuesday, August 7, 2012

གཉིད་དུ་ཡུར་བའི་ཁང་པ།


ཟྭ་བརྒྱབ་ཡོད་པའི་སྒོ་དེ
གླེགས་བམ་ཁྲོད་ཀྱི་ལྡེ་མིག་དེ་ཡིན་ནམ
ཟྭ་དེ་ལ་བཙའ་ཆགས་ནས་སྒོགས་ནས་འདུག
སྒོ་དེ་ཕྱེ་བའི་ཉིན་དཀར་དེ་ནམ་ཡིན་ནམ
ཁང་པ་དེ་ན་རྙིང་པ་ཅི་ཞིག་བཅུག་ཡོད་དམ

ཕྱེ་མེད་པའི་སྒེའུ་ཁུང་དེ
ཁ་བཙུམ་པའི་ཡེ་གེ་ཡི་ཀླད་པ་དེ་ཡིན་ནམ
སྒེའུ་ཁུང་དེ་ལ་ས་བབས་ཏེ་སྡོམ་ཐག་ཀྱང་འཐེན་འདུག
ད་དུང་གློག་རྡོ་མེད་པའི་གློག་གཞུ་ཞིག་གཞོགས་ན་མགོ་བོ་གཡོན
དེ་ལ་ད་དུང་སྒེའུ་ཁུང་ཞེས་འབོད་དགོས་སམ

གཉིད་ལ་ཟགས་པའི་སྒོ་སྲུང་བ་དེ
གད་སྙིགས་ལ་ཤོར་བའི་སྨྱུག་བུ་དེ་ཡིན་པ་འདྲ
སྒོ་སྲུང་གིས་བཟའ་མི་ཚོ་གཉིད་ཀྱིས་གསོས
ཁང་པ་དེ་ལྟར་དེ་ལྟར་གཉིད་སོང་བས
སྒོ་སྲུང་ཡང་དེ་ལྟར་གཉིད་སོང་བ་ཡིན་ནམ
༢༠༡༡།༩།༡

No comments:

Post a Comment