Thursday, August 9, 2012

ཆ་ཚང་།
ཁོ་ལོ་ཉི་ཤུ་ཡིན་རྒྱུ་རེད།ང་ལོ་ཉེར་གཉིས་ཡིན།ཁོ་སྐྱེད་ཚལ་དེ་ན་འདུག།་ང་ཡང་དེ་ན་ཡོད།ཁོ་དང་སྐྱེད་ཚལ་དེ་ལ་ཤ་ཁྲག་གི་འབྲེལ་བ་ཞིག་ཡོད་ན།ང་དང་སྐྱེལ་ཚད་དེ་ཡི་འབྲེལ་བ་གནས་ཚང་གི་འབྲེལ་བ་ཡིན།ཁོ་ལ་བསིལ་ལྷམ་ཡང་མི་གདའ་།ཁོས་ས་ལ་གཡུགས་ཡོད་པའི་གད་སྙིགས་དག་ཕྱག་གིན་འདུག།ཁོ་ཕྱག་ལ་མི་མཁས་བའི་ཤུལ་དེ་གཙང་མ་གཙང་རྐྱང་ཞིག་མ་རེད།ངས་མིགཤེལ་ཅིག་གྱོན་ནས་གཞན་གྱིས་བྲིས་བའི་དཔེ་ཆ་ཞིག་ཀློག་གིན་ཡོད།ང་ཀློག་ལ་མ་་མཁས་བའི་སེམས་ལ་ཅི་ཡང་ཤར་མ་ཐུབ།ཁོས་ད་དུང་ཕྱག་གིན་ཕྱག་གིན་འདུག།ངས་ཀྱང་ད་དུང་ཀློག་གིན་ཀློག་གིན་ཡོད།ཁོའི་དམིགས་ཡུལ་ཁོརཡུག་གཙང་མ་བཟོ་རྒྱུ་དེ་རེད།ང་ཡི་གཏད་ས་སེམས་པ་གཙང་མར་བསྒྱུར་རྒྱུ་དེ་རེད།སྨོན་སྨོན་གྱིས།ཁོས་ང་ལ་ཡང་ཡང་བལྟ།མཚར་མཚར་གྱིས།ངས་ཁོ་ལ་ཅེར་ནས་ལྟོས།སེམས་ཀྱིས་བཤད་ན།ང་།ཁོ་ལ་བསྣན་ན་ཏག་ཏག་དང་།ཁོ།ང་ལ་བསྣན་ན་ཆ་ཚང་རེད་ཟེར།།

No comments:

Post a Comment