ནད་པའི་ཉིན་ཐོ།<08/09/2012>
༡
སྤྱིར་ང་རང་ནད་པ་ཞིག་ཡིན།
ང་ཆུང་དུས་ནས་ན་ཆོག་ཆོག་གི་བྱིས་པ་ཞིག་ཡིན་པས།
ཨ་མའི་པང་ནས་ཐེངས་མ་མང་པོར་ངུ་ངག་ཤོར་མྱོང་ཡོད་ལ།།
སྤོ་བའི་རྒྱབ་ནས་སྨན་ཁང་ལ་ཡང་ཐེངས་མ་མང་པོ་སོང་མྱོང་ཡོད།
དེ་རིང་ང་སླར་ཡང་ཉལ་སར་ལྷུང་སོང་།
???????????????????????????
༢
ང་དེ་རིང་སཱ་ར་ན་ཐི་ན་ཡོད།
སློབ་གྲྭའི་སྨན་ཁང་གི་ཉལ་ཁྲི་ཨང་གཉིས་པའི་སྟེང་ན་ཡོད།
ཁ་གནམ་ལ་འཁོར་ཏེ།ལྷོད་ཀྱིས་འཁོར་བཞིན་བའི་རླུང་འཁོར་ལ་ཅེར་ནས་ཡོད།
རླུང་འཁོར་དེ་དུས་ཚོད་ཀྱི་འཁོར་འགྲོས་དེ་ཡིན་ན།
དེས་ང་ལ་དུས་ཚོད་ཀྱི་མྱུར་ཚད་དེ་གསལ་སྟོན་བྱེད་ཡོང་།
སང་ཉིན་ང་འཛིན་གྲྭ་ལ་འགྲོ་ཐུབ་བམ།
༣
ཕྱི་རོལ་ན་སློབ་གྲོགས་ཚོ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་མཆིས།
ཀུན་ཕན་གྱིས་སྤོ་ལོ་ཞིག་ས་ལ་རྡེབ་ཀྱིན་རྡེབ་ཀྱིན་བུད་ཐལ།
བསྟན་འཛིན་ནི་དགོད་བཞིན་དགོད་བཞིན་ཉལ་ཁང་ལ་འཛུལ་སོང་།
ཕྱེད་ཙམ་ཕྱེ་ཡོད་པའི་སྒེའུ་ཁུང་ལས་ཤར་རེར་མཐོང་ཡོང་བ་ནི།
སྐམ་རིད་ཀྱི་རྒྱ་གར་བ་ཁ་ཤས་ཀྱིས་ས་ལས་རྡོ་ལས་བྱེད་བཞིན་པ་དེ་རེད།
ཁོ་ཚོའི་ངོ་གདོང་དང་ངའི་ན་ཚའི་བར་ལ་འབྲེལ་ཅི་ཞིག་ཡོད་དམ།
ང་དགའ་ཤོས་ལོ་མ་ལྗང་གུ་དེ་ཚོ་ཡིན།
དེ་ཚོས་ངའི་སེམས་པར་བྱིལ་བྱིལ་བྱས་པ་ཉུང་ཉུང་མིན།
སྒེའུ་ཁུང་ལས་མཐོང་ཚད། ངའི་ཉིན་ཐོ་འབྲི་སྟངས་གཞན་ཞིག་ཡིན།
༤
དེ་རིང་གཟའ་ཉི་མ་རེད།
ཞོགས་པ་ཆར་བ་ཟམ་ཟིམ་ཞིག་ཀྱང་བབས་སོང་།
དེ་ཡང་གློ་རྡེག་ལ་བབས་ཏེ་ཐོལ་རྒྱག་ལ་ཆད་ཐལ།
ལུགས་ལྟར་ན།ཆར་བ་བབས་ཏེ་ཉི་མ་ཤར་ན་ཏག་ཏག་རེད།
དེ་བས།ཆར་བ་མི་འབབ་པའི་སེམས་ཁྲེལ་དང་།
ཉི་མ་མི་ཤར་བའི་སེམས་ཚེགས་ཀྱང་བྱེད་དགོས་དོན་མི་འདུག་སྙམ།
ཆར་བ་དེ་ཡིས་ང་ལ་འདི་ལྟར་སེམས་གསོ་བྱས་སོང་བས།
ངའི་སེམས་ཀྱི་མགོ་བོ་བྲང་ལ་མ་སྨད།
ན་རྒྱུ་ཡོད་ན། དྲག་རྒྱུ་ཡང་ལོས་ཡོད་ཨང་།
༥
དེ་རིང་གཟའ་ཉི་མ་རེད།
ནགས་བྱི་ཞིག་གིས་སྒེའུ་ཁུང་གི་རྒྱབ་ནས་སྐད་ངག་ཡང་ཡང་འབྱིན།
སྐད་ངག་དེ་ལ་རྣ་བ་བླགས་ནས་བསྡད་ན།
ད་དུང་སྒྲ་གཞན་པ་ཡང་མང་པོ་ཞིག་གོ་ཡོང་གི
གཟུགས་པོ་འགུལ་ཙམ་ཡང་མ་བྱེད་པར་དེ་ལྟར་བསྡད་རྗེས།
སེམས་པ་འདི་ཧ་ཅང་གིས་ལྷོད་ལ་བབས་སོང་།
དབུགས་ཀྱི་འབྱིན་རྔུབ་ཀྱང་ལྷོད་ལ་འཇགས་སོང་།
འདིས་སྐད་ཆ་གཞན་ཞིག་བཤད་བཞིན་ཡོད་པ་དེ་ནི།
“སྒྲ་དབྱངས་ཁྲོད་ཀྱི་ལྷིང་འཇགས”ཟེར་བ་དེ་རེད་ལགས།
འདི་ནི་ངའི་དེ་རིང་གི་སློབ་ཚན་ཆེ་ཤས་དེ་ཡིན།
༦
ད་ལྟ་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་གཅིག་རེད།
སྒེའུ་ཁུང་ལས་འོད་ཐིག་ཅིག་ཐད་ཀར་ཉལ་ཁྲིའི་སྒང་ལ་ཕོག་འདུག
ཕར་ལ་ལྟོས་ཚོད་དུ།མི་ཞིག་གིས་ཅི་ཞིག་བཙལ་བཞིན་པ་དང་འདྲ།
ཡང་ན་ཉལ་ཁྲི་ལ་བརྩེ་བའི་དྲོད་ཁོལ་སྦྱིན་གྱིན་ཡོད་པ་དང་མཚུངས།
གང་ལྟར།འོད་ཐིག་དེ་སུ་ཞིག་གི་འཕྲིན་ཡིག་ཡིན་ནམ།
གང་ལྟར།འོད་ཐིག་དེས་ང་ལ་ཅི་ཞིག་སྟོན་གྱིན་ཡོད་དམ།
༧
ཉིན་གུང་སྨན་བླ་ཡིས་མོག་མོག་ཁྱེར་རེ་སླེབས་སོང་།
སེམས་ན་ཡོད་ནོ་བརྩེ་བ་དང་ཁ་ལ་ཞིམ་ནོ་མོག་མོག་རེད།
ད་དུང་སངས་མཁར་ཀྱང་ཡོད།
མོག་མོག་ཟས་རྗེས་ཁོ་གཉིད་སོང་།
སྨན་བླ་ཡིས་ཨ་མདོ་ཡི་རྡུང་ལེན་འགྲན་ཚོགས་ཤིག་ལ་ལྟོས་སོང་།
ང་གཉིད་ན་འདོད་ཀྱང་གཉིད་ཐུབ་མ་སོང་།
སེམས་ནས་གཞན་ཞིག་ལ་ངང་སྒུག་བྱེད་ཞོར།
བསམ་བློ་གཞན་ཞིག་ལ་འཁོར་སོང་།ཇི་འདྲའི་ངོ་ཚ་ཨང་།
༨
ཉི་མ་མ་འཇའ་བའི་སྔོན་ལ།
ཨ་ཅེ་ལ་མོ་ཡོང་ནས་དྲན་རྒྱུ་ཅན་གྱི་ཁ་ཏ་མང་ཞིག་བྱས་སོང་།
ཨ་བུ་གངས་ཐིགས་ཀྱང་ཡོང་ནས་གོ་རྒྱུ་ཅན་གྱི་གཏམ་མང་པོ་ཞིག་བཤད་ཞོར།
ཨ་ཅེ་ལ་མོ་དང་ངེད་གཉིས་ལ་རྒྱུ་མ་ན་རག་བར་ཏུ་དགོད་ཁ་ཡང་བསླངས་སོང་།
དྲན་མོར་བཤད་ན།ང་ཉིན་མ་མང་པོ་ཞིག་ལ་འདི་འདྲའི་གཏིང་ནས་བགད་མྱོང་མེད།
དེ་ང་ད་ལྟ་ནད་པ་ཡིན་པའི་རྒྱུ་མཚན་གྱིས་མིན།
གློ་བུར་ཏུ་རླུང་འཚུབ་ཆེན་པོ་ཞིག་གཡུགས།
ཆར་བ་མ་བབས་གོང་ལ་ཨ་ཅེ་ལ་མོ་ཕྱི་ལ་རྫོངས་བ་བྱས་པ་ཡིན།
ཨ་བུ་གངས་ཐིགས་བསྡད་བསྡད་ནས་བུད་སོང་ནི་རེད།
༩
ཉི་མ་ཡང་འཇའ་ཐལ། ས་ཡང་རུབ་སོང་།
དོ་དགུང་ཡང་ཆར་བ་བབས།
ད་དུང་རླུང་གི་གཡུགས་ཚད་ཀྱང་ཧ་ཅང་ཆེ།
ང་ལོ་མ་ལྗང་གུ་དེ་ཡིན།
ང་ལོ་མ་ཆུང་ཆུང་དེ་ཡང་ཡིན།
ས་སྲོད་ལ་རླུང་འཚུབ་དང་ཆར་བ་ཁྱོན་ནས་འཚམ་པོ་མ་རེད།
ལོ་མ་ག་ཚོད་ཅིག་མུན་ནག་ལ་གཏོར་སོང་།
ངའི་རྐང་པ་ལ་གཏིང་ནས་ཟུག་གཟེར་ཅིག་རྒྱབ་སོང་།
ང་དང་གནམ་གཤིས་ཀྱི་བར་ན་ཡང་སྙིང་གསང་བ་ཅི་ཞིག་ཡོད་དམ།
༡༠
དེ་རིང་ཟླ་དགུ་བའི་ཚེས་བཅུ་རེད།གཟའ་ཟླ་བ་ཡང་རེད།
ང་རང་ཉིད་ཀྱི་བསམ་ཕྱོགས་ཡིན་ན།
དེ་རིང་ང་སྨན་ཁང་ནས་བུད་དེ་འཛིན་གྭར་འགྲོ་བརྩི་ཡོད།
ཡིན་ན་ཡང་།ལྡུམ་བུ་རྩ་འབའ་དང་ན་ཚ་གཞི་འཇོམས་མ་བྱེད་ན།
རྗེས་ནས་བསྐྱར་ན་བྱས་ན་སྡུག་གྱོང་ཡིན་ཟེར་བས།
ད་དུང་ཉིན་མ་བཅུ་ལ་སྨན་ཁང་ནས་འདུག་དགོས་ཚུལ་གསུངས་སོང་།
ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ན་ཡང་།
ཕུགས་སུ་དེ་ཡིས་རྔོ་ཐོགས་ནུས་ན།
ངས་ཀྱང་མགོ་བོ་གུག་གུག་གིས་དེ་ལྟར་ལེགས་སོ་ཞེས་ལན་བཏབས།
༡༡
ཉིན་གུང་ཆུ་ཚོད་དང་པོ་དང་སྐར་མ་བཅོ་ལྔ་ཏག་ཏག་གི་སྟེང་ལ་ཡང་ཆར་བ་བབས་སོང་།
ཆར་བ་འབབ་ཐེངས་རེ་རེར་ངའི་སེམས་པ་སྒེའུ་ཁུང་ལས་ཕྱི་རོལ་གྱི་ལོ་མའི་སྟེང་ལ་ཤོར་འགྲོ
ལོ་མ།---ང་རང་།---འཇམ་མཉེན།--- བརྩེ་དུང་།---དྲན་གདུང་།---རྨ་ཁ།---ན་ཟུག
༡༢
ས་མཐའ་ན་ང་ལ་ཅི་ཡང་མེད།
འོན་ཀྱང་། ང་ལ་གྲོགས་པོ་དང་བརྩེ་བ་ཡོད།
ནམ་རྒྱུན་ངས་གྲོགས་པོ་ནི་རང་ཉིད་གཉིས་པ་དང་།
ཡང་ན་རང་ཉིད་ཀྱི་མེ་ལོང་ཞིག་ལ་འདོད་ཀྱིན་ཡོད།
གྲོགས་པོ་ནི་ངའི་མི་ཚེ་ཡི་ཆ་ཤས་དང་།
ངའི་མ་འོངས་བའི་ལམ་རྒྱགས་ཀྱང་ཡིན་པས།
གྲོགས་པོ་ནི་ཇི་ལྟར་ཡང་ངའི་སྙིང་ན་གོ་བབས་མཐོ།
གྲོགས་པོ་ལགས།ང་ཁྱོད་ལ་དགའ་ཞིང་ཁྱོད་ང་ལ་སྙིང་ཉེ།
གྲོགས་པོ་ལགས།ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།
༡༣
སློབ་གྲོགས་ཚོ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་འགྲོ་བཞིན་འདུག
ཆུ་ཚོད་ལྔ་དང་སྐར་མ་ཕྱེད་ཀ་ལ་སླེབས་ལ་ཉེ།
གལ་ཏེ།ང་སྨན་ཁང་དུ་ལྷུང་མེད་ན།ང་ཡང་འགྲོ་ཁོ་ཐག་ཡིན།
འོན་ཀྱང་།ང་དོ་དགུང་ལས་འགུལ་དེར་ཞུགས་ཐུབ་མ་སོང་།དགོངས་དག་ཞུ།
ངས་ལོས་ཤེས།བོད་མི་རེ་རེ་ཡིས་གཅེས་སྲོག་མེ་ལ་མཆོད་ཐེངས་རེ་རེར།
སེམས་པ་གྲངས་མེད་ཅིག་ཀྱང་མཉམ་དུ་འཚིག་གིན་ཡོད།
ང་ཚོ་རྡོག་རྩ་གཅིག་སྒྲིལ་ཡིན་མིན་དེ།
སྙིང་ན་ན་ཟུག་ཡོད་མེད་ཀྱིས་ཀྱང་ཐག་གཅོད་བྱེད་ཐུབ།
དོ་དགུང་མི་ག་ཚོད་ཅིག་ལས་འགུལ་འདི་མ་མཉམ་ཞུགས་བྱས་ཡོད་མེད་ངས་མི་ཤེས།
ཤུལ་ནས་མི་རེ་ཟུང་གི་སྐད་ཅོར་ཀྱང་རྣ་ལ་གཟེར་མོའི་ངང་སླེབས་ཡོང་གི
གང་ལྟར། ང་དོ་དགོང་འགྲོ་ཐུབ་མ་སོང་།
༡༤
དེ་རིང་སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག་དང། གཟའ་མིག་དམར་རེད།
གཉོམ་ལག་རྒྱས་མེད་པའི་བྱིའུ་ཆུང་ཞིག་དང་འདྲ་བར་ང་ཕྱི་ལ་འགྲོ་མི་ཐུབ་པས།
དེ་རིང་གི་གནམ་ངོ་ཡི་དྭངས་གསལ་དང་ས་གཞི་ཡི་བབས་ཆགས་ཇི་ལྟར་ཡོད་མེད་ངས་ཤེས་མི་ཐུབ།
ད་དུང་ལྡུམ་རྭའི་ནང་གི་མེ་ཏོག་གི་ལྟ་ན་སྡུག་པའི་སྒེག་ཉམས་དང་།
ཡིང་འོང་གི་ནགས་བྱི་རྣམས་ཀྱིས་ཕན་ཚུན་བདའ་རེས་ཀྱི་རྩེད་མའི་ངང་ཚུལ།
བྱ་བྱིའུ་དག་གིས་སྡོང་གསེང་ན་ཕར་འཕུར་ཚུར་འཕུར་བྱེད་པའི་རང་དབང་གི་གཤོག་འགྱུར།
མདོར་ན་སྔོ་ལྗང་ལྗང་གི་ལོ་མ་རླུང་གིས་བྱིལ་བྱིལ་བྱེད་པ་དེ་ཚོ་ཡང་ངས་མཐོང་མི་ཐུབ་པས།
ཆེས་དྭངས་གཙང་གི་ཐིགས་པ་དེ་ཚོ་རེ་རེ།
དེ་རིང་གི་ངའི་ཉིན་ཐོ་རུ་འགོད་ཐབས་མི་འདུག
༡༥
ནམ་རྒྱུན།
ང་རང་ལོ་མ་དང་ཤིང་སྡོང་།ད་དུང་ནམ་མཁའ་སོགས་ལ་པར་རྒྱག་རྒྱུ་ཧ་ཅང་དགའ་།
ངས་བསམ་བློ་གཏོང་ཕྱོགས་ཤིག་ལ།
སྙན་ངག་འབྲི་བ་དང་རི་མོ་འབྲི་བ།པར་རྒྱག་པ་བཅས་ནི།
དོན་གཅིག་མིང་གི་རྣམ་གྲངས་ཤིག་ལ་བསམ་བཞིན་ཡོད།
ངས་དེ་ལྟར་བཤད་དགོས་དོན་ཡང་།
རྒྱུ་བསམ་བློ་དང་འབྲས་བུ་རོལ་མྱོང་གི་ཆ་ནས་དེ་ཚོ་གཅིག་ཡིན་པས་རེད།
ཅིག་བཤད་ན་ངའི་བསམ་ཕྱོགས་འདི་ཆིག་རྐྱང་ཅན་ཞིག་ཡིན་སྲིད་མོད།
འོན་ཀྱང་།སྒྱུ་རྩལ་གྱི་མངའ་ཁོངས་ནས་སྐད་ཆ་བཤད་ན།
དེ་ལ་ར་བ་སོགས་ཅི་ཡང་མེད་པ་མ་ཟད།
ད་དུང་རང་དབང་དང་གསར་གཏོད་གཉིས་ནི།
སྲོག་གི་ཡང་ཏིག་ལྟ་བུ་ཞིག་ལ་བརྗོད་ཀྱིན་ཡོད་ན།
ངའི་སེམས་པ་དེ་ཡང་རེ་ཞིག་ལྷོད་ལ་བབས་སོང་།
དེ་བས།ངས་པར་རྒྱག་ས་དེ་ཡང་སེམས་པ་དམར་པོ་དེ་ཡིན།
༡༦
དེ་རིང་ཕྱི་དྲོའི་དུས་ཚོད་གསུམ་པའི་ཐོག་ལ་གཏམ་བཤད་ཅིག་འདུག
གཏམ་བཤད་པ་ཟམ་གདོང་རིན་པོ་ཆེ་རེད་ཟེར།
ང་ཡང་གཏམ་བཤད་ལ་ཉན་དུ་འགྲོ་ན་འདོད་པ་མ་ཟད།
གྲོགས་པོ་ཚོས་ཀྱང་འགྲོ་དགོས་རབས་ཤིག་བཤད་སོང་།
འོན་ཀྱང་།ངའི་རྐང་པས་ང་ལ།
“ཁྱོའི་ཁ་ཚུམས་ན་སྡོད།
འགྲོ་ཐུག་དུས་མི་འགྲོ།འགྲོ་མི་ཐུགས་དུས་འགྲོ་འདོད་སྐྱེས།
མི་ངན་ཐ་མ་ཡིན་ན་ཁྱོད་རང་རེད་ཟེར།”
ངས་དོན་གྱིས་ནོར་འཁྲུལ་ཅི་ཞིག་བཟོས་ཡོད་དམ།
ངས་དྲི་བ་འདི་རང་ཉིད་ལ་ཚ་འདྲི་བྱས་ཏེ།
དྲི་ལན་དེ་རང་ཉིད་ནས་རག་ཐབས་བྱ་རྒྱུ་ཡིན།
༡༧
ཉིན་གུང་ཁ་ལག་ཟས་རྗེས།
ངས་ཕ་ཡུལ་ལ་ཁ་པར་བཏང་བ་ཡིན།
ཁ་པར་ལ་ཉན་མཁན་གཅེས་བའི་ཕུ་བོ་རེད།
ཕུ་བོས་བརྗོད་དོན།“ཨ་ཕ་དང་ཨ་སྲི།ང་ཚོ་གསུམ་གཙང་དགོན་པ་ན་ཡོད་ཟེར།”
གཙང་དགོན་པ་ནི་ང་ཚོ་ཕ་ཡུལ་ནས་ཉིན་ཞག་གཅིག་གི་ལམ་ཁ་ན་ཡོད་པ་འདྲ།
ཁོང་ཚོས་དེ་ན་ས་ལས་རྡོ་ལས་ཀྱིས་སྒོར་མོ་བཙལ་གྱིན་ཡོད་པ་རེད།
ཨ་ཕས་བརྗོས་དོན། “བུ་ད་ཡུལ་ལ་ཡོང་ན་ཅི་འདྲ་རེད།
ཡང་མིན་ན་ཡུལ་ལ་ཡོང་ནས་ཕྱིར་སོང་ན་ཡང་ཆོག་གི་རེད་ཟེར།”
ངས་དགོད་ཞོར་ཏུ་འདི་ལྟར་ལན་བཏབས།
“ཨ་ཕ་ང་ཡུལ་ལ་ཐོན་བཏང་ན་ཕྱིར་མི་ཡོང་ཁོ་ཐག་ཡིན།
ཡིན་ན་ཡང་།ད་ལྟ་ཡུལ་ལ་ཡོང་རྒྱུ་སླ་མོ་མ་རེད།”
ནང་མི་ཚོས་ངའི་ལོག་ཕེབས་ལ་ངང་སྒུག་བྱེད།
ངས་གང་ཞིག་ལ་ངང་སྒུག་བྱེད་ཀྱིན་ཡོད་དམ།
༡༨
དེ་རིང་ཟླ་དགུ་བའི་ཚེས་བཅུ་གཉིས་དང་།རེ་གཟའ་ལྷག་པ་རེད།
ད་ནངས་ཞོགས་པ་གཉིད་ལས་སད་མ་ཐག།
མགོ་བོ་དགྱེ་སྟེ་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟོས་བ་ན།
སྡོང་བའི་གསེབ་དང་བགྲོད་ལམ་གྱི་གཡས་གཡོན་ལ།
གནམ་རྒན་མའི་ངོ་གདོང་རུབ་ཡོད་པའི་སྐྱོ་ཉམས་ལྟ་བུ་ཞིག་མངོན་འདུག
སྒེའུ་ཁུང་ལས་ཐད་ཀར་གནམ་ངོ་མཐོང་མི་ཐུབ་པས།
ངས་གྲོགས་པོ་ལ་འདི་ལྟར་དྲིས་བ་ཡིན།
“དེ་རིང་གནམ་ངོ་རུབ་ཡོད་པ་ཡིན་ནམ”
གྲོགས་པོས་ང་ལ་ “མ་རེད། མ་རེད། གནམ་ངོ་ཧ་ཅང་དྭངས་མ་རེད”ཟེར།
འདི་མི་རིགས་ཀྱི་འཚོ་བ་ལ་བཟུང་བའི་རྣམ་འགྱུར་དེ་ཡིན་ནམ།
ཡང་ན་ང་རང་ཉིད་ཁོ་ནའི་སེམས་ཚེགས་ལྷག་མ་ཞིག་ཡིན་ནམ།
༡༩
དལ་རྨེག་རྨེག་གི་དུས་ཡུན་རེ་རེ་ཡིས།
འུར་ཟིང་ངེར་བཏང་བའི་སྐར་ཆ་རེ་རེ་དེ།
རྒྱང་རིང་ནས་ལྟོས་བའི་མཚན་མའི་གྲོང་ཁྱེར་ཅིག་དང་འདྲ་ལ།
སྙན་ངག་པ་ཞིག་གིས་བསམ་གཞིགས་བྱེད་ཚུལ་དང་ཡང་ཇི་འདྲའི་མཚུངས།
སྤྱིར་ཁུ་སིམ་སིམ་གྱི་བར་སྟོང་དེ་ནི།
མ་གཞི་ནས་སེམས་ན་དྲན་རྒྱུ་རྒོལ་པའི་དུས་རིམ་ཞིག་ཡིན་ན་ཡང་།
གལ་ཏེ་སྨྱུག་ཁ་དེ་ནས་ཤོག་དཀར་གྱི་ངོས་ལ་འཛུགས་ཐུབ་ན།
དུས་རིམ་དེ་ནི་ཆེས་རླབས་ཆེན་གྱི་གླགས་ཤིག་རེད།
ཡང་ཞིབ་མོས་བཤད་ན།
གནམ་འོག་གི་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་ཆེན་དག་ཀྱང་།
ཁུ་སུམ་གྱི་དུས་རིམ་དེ་ལས་བལྟམས་པ་ཚམ་ཚོམ་མ་བྱེད་ན་ཆོག
ཀྱེ། ཁྱོད་རང་ཁ་ཁུ་སིམ་པོར་བསྡད་མྱོང་ཡོད་དམ།
དེ་དུས་ཁྱོད་ཀྱི་སེམས་ལ་ཅི་ཞིག་ནི་ཆེས་གསལ་གསལ་གྱིས་ཤར་ཡོང་ངམ།
ཡང་ན་ཁྱོད་ཀྱིས་ཁུ་སིམ་གྱི་དུས་རིམ་དེ་ཇི་ལྟར་སྤྱོད་ཀྱིན་ཡོད།
༢༠
དེ་རིང་རེ་གཟའ་ལྷག་པ། བླ་མའི་བླ་གཟའ་། ལྷག་དཀར་གྱི་ཉིན་མོ་རེད།
ནམ་རྒྱུན་ཡིན་ན་ང་རང་ཉིད་ཀྱིས་ཀྱང་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད།
ཉིན་མོ་འདིར་ངས་ཆེན་པོ་ཞིག་སྒྲུབ་ཐུབ་ཀྱིན་མེད་ན་ཡང་།
རང་ཚོད་ཀྱིས་རང་ལ་ཡོད་པའི་སྟོད་གོས་དམར་སྨུག་དེ་གྱོན་ཏེ།
སྒོ་གསུམ་བག་ཡོད་ལ་གནས་པར་འབད་རྩོན་བྱེད་ཀྱིན་ཡོད།
ཡིན་ན་ཡང་།དེ་རིང་ང་སྨན་ཁང་དུ་ཡོད་ཀྱང་།
སེམས་ནས་གསོལ་བ་སྨོན་ལམ་དང་དམ་བཅའ་རྣམས་བརྗེད་མེད།
རྗེས་མའི་གཟའ་ལྷག་པ་ལ་ངས་རང་ཉིད་ཀྱི་སྟོད་གོས་དམར་སྨུག་དེ་གྱོན་ནས།
ལྷག་དཀར་བརྩི་སྲུང་དང་འཛིག་གྲྭ་ལ་ཡོང་ཐབས་བྱ་རྒྱུ་ཡིན།
ལྷག་དཀར་ལ་བཀྲ་ཤིས་བདེ་ལེགས། ལྷག་དཀར་བཟང་།
༢༡
དེ་རིང་དགུ་བའི་ཚེས་བཅུ་བཞི་རེད།རེ་གཟའ་སྤེན་པ།
མདང་དགོང་གཉིད་ཁུགས་དུས་ཞོགས་པའི་དུས་ཚོད་གཉིས་པ་ཡིན།
སྙིང་གཏམ་ཞིག་ལ་སྙིང་གིས་འཕྲིན་ལན་བྲིས་ནས་འགོར་སོང་།
ཤག་ཤག་འབབ་པའི་ཆར་སྒྲས།
ཞོགས་པའི་རྨི་ལམ་གྱི་འགྲུལ་བཞུད་གཏོར།
ཡང་ཡང་གཉིད་བསམ་པའི་མིག་ཟུང་ཤུགས་ཀྱིས་བཙུམ་ན་ཡང་།
ཆར་བ་འདིས་གཉིད་དུ་མ་བཅུག་ཐལ།
དེ་ནས་འཕྲལ་ཏུ་མདང་བྲིས་བའི་འཕྲིན་ལན་དེར་ཞིབ་ལྟ་ཞིག་བྱས་པ་ན།
ཐལ་དྲག་པའི་སྐད་ཆ་དང་ཡིག་ནོར་ཡང་རེ་ཟུང་མཆིས།
མདང་འབྲི་དུས་ཏག་ཏག་ཅིག་ཡོད་པའི་སྣང་བས་ཁེངས་མྱོང་མོད།
དེ་རིང་མདང་དགུང་གི་སྐད་ཆ་ནོར་འདུག་ལ།
དེ་རིང་མདང་དགུང་གི་ཡི་གེ་ཡང་འཕྱུགས་འདུག
༢༢
ང་དང་སྒེའུ་ཁང་། ད་རུང་ཆར་བ།
ངས་ཁ་ཁུ་སིམ་པའི་སྒེའུ་ཁུང་ནས་ཕྱི་རོལ་ལ་ཅེར་བ་ན།
ཆར་བ་སྡུག་བསྔལ་གྱིས་འབབ་ཀྱིན་འདུག
སྒེའུ་ཁུང་གིས་ང་ལ་ཤབ་ཤུབ་ཀྱིས་གསང་གཏམ་མང་པོ་ཞིག་འཆད་བྱུང་།
ཆར་བ་བབས་ཏེ་སེམས་པ་ཡང་བརླན་སོང་།
སྒེའུ་ཁུང་གི་འགྲན་ནས་འགྲེང་ཏེ།
ཆར་བ་ལ་གཏད་དུས།
སེམས་པ་འདི་འདི་འདྲའི་སྐྱོ་དགོས་དོན་ཅི་ཡིན་ནམ།
༢༣
འཛིནགྲོགས་བྱམས་པ་ལྷུབ་གྲུབ་ཀྱིས་ང་ལ་སྙན་ངག་ཅིག་བྲིས་འདུག
སྙན་ངག་དེ་ལས་ངས་ཁོང་གི་མྱོང་བའི་ཟབ་ཚད་དང་ཚོར་བའི་མྱུར་ཚད།
ད་དུང་བློ་རིག་གི་སྐྱེན་ཚད་ཀྱང་ཞོར་ལ་མཐོང་ཡོང་།
སྤྱིར་མི་ཡིས་གཞན་གང་ཞིག་ལ་སེམས་ཀྱིས་མྱོང་བ་བྱེད་པ་ཅུང་དཀའ་མོ་ཞིག་རེད།
ཡིན་ན་ཡང་། ཁོས་ང་རང་གི་གནས་བབས་ལ་སེམས་ཀྱིས་མྱོང་བ་བྱས་པ་ཧ་ཅང་རྣོ།
དེ་ནི་སེམས་གཏིང་གུས་བཀུར་བྱེད་དགོས་པ་ཞིག་རེད་ཨང་།
དེ་ཡང་སྙན་ངག་དེ་ང་ཡི་ཆེད་དུ་བྲིས་པ་ལ་འབྲེལ་བ་མེད།
ཁོའི་སྙན་དག་ན་འདི་ལྟར་བྲིས་འདུག་སྟེ།
“ཁྱོད་སྙན་ངག་ཏུ་གྱུར་བ་དང་།སྙན་ངག་ཀྱང་ཁྱོད་ཉིད་དུ་གྱུར།”
ད་དུང་ “ཁྱོད་དང་སྙན་ངག་གཉིས་སྐབས་དེར་གཅིག་ཏུ་གྱུར་ཟིན། ”
ཚིག་རྐང་འདི་གཉིས་ནི་ཆེས་རིན་ཐང་ཅན་གྱི་སྐད་ཆ་ཞིག་རེད་ཨང་།
༢༤
དེ་རིང་ཟླ་དགུ་བའི་ཚེས་བཅུ་བདུན་དང་རེ་གཟའ་ཟླ་བ་རེད།
དེ་རིང་བརྩིས་ན་ངའི་སྒང་ལ་ཉི་ཐིག་ཅིག་མ་ཕོག་བར་ཉིན་མ་དགུ་འགོར་སོང་།
ཕྱི་རོལ་ཡིན་ན་དེང་སྐབས་ཆར་བ་འབབ་ཚད་ཆེ་ན་ཡང་།
མཚམས་མཚམས་ལ་ཉིན་མའི་འཛུམ་ཟེར་རེ་མངོན་གྱིན་ཡོད་པ་རེད།
གང་ལྟར་དོ་དགུང་ང་སྨན་ཁང་ནས་ཉལ་དགོས་བ་མཐའ་མ་དེ་ཡིན་རྒྱུ་རེད།
རྒྱུ་མཚན་སང་ཉིན་སླེབས་ན་ང་འདུག་དགོས་བའི་ཉི་མ་བཅུ་བོ་དེ་ཚང་ཚར་སོང་བས་ཡིན།
ང་སང་ཉིན་སྨན་ཁང་ནས་བུད་དེ་འཛིན་གྲྭ་ལ་འགྲོ་རྒྱུ་ཡིན།
༢༥
དྲིན་ཆེན་ལ་དྲིན་ལོག་མི་བྱེད་པ་དང་གཡང་ཟོག་ལ་རྡོ་ཁ་མི་བྱེད་པ།
རྩམ་གཟན་བོད་མིའི་ཁ་དཔེ་ཡིན།
དེ་རིང་འདི་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དགོས་ས་ཞིག་ཡོད་པ་ནི།
ང་རང་སྨན་ཁང་ནས་བསྡད་ཡུན་རིང་ལ་སྔུན་ནས་ཁྲིད་མཁན་དང་།
རྒྱབ་ནས་སྐྱོར་མཁན།གཞོགས་ནས་འཛིན་མཁན།
ལུས་ཕུང་ལ་འཕྲོད་པའི་ཟས་གང་ཞིམ་གང་བཟང་དང་།
ཤིང་ཏོག་གང་ཞིམ་གང་ལེགས་ཁྱེར་རེ་ཡོང་མཁན།
ད་དུང་། ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་ཁ་ཏ་སློབ་གསོ་བྱེད་མཁན།
མདོར་ན་ང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་ཕན་མི་དམན་པ་བྱས་པ་ཚོར།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་བ་དང་།
ཁྱེད་ཚོའི་བཀའ་དྲིན་ནམ་ཡང་སེམས་ཁོང་དུ་བཅངས་ངེས་ཡིན།
༢༥
འདི་ལྟར་བདུན་ཕྲག་གཉིས་ཙམ་ཞིག་ལ་སྨན་ཁང་ནས་བསྡད་པའི་ཉིན་ཐོ་ཡང་།
སྐྱ་རེངས་ཤར་བ་ན་མུན་པ་ཡལ་འགྲོ་བ་ལྟར།
དེ་ཡང་འདི་ནས་མཚམས་འཇོག་རན་སོང་།
སྤྱིར་ང་རང་ལ་མཚོན་ནས་བཤད་ན།
ཉིན་ཐོ་འབྲི་བ་ནི་རང་ཉིད་ཀྱི་ཉིན་གཅིག་གི་བྱ་བ་ལ་དག་ཐེར་བྱེད་པ་ཞིག་དང་།
སང་ཉིན་གྱི་འཚོ་བ་ལ་ཁ་ཕྱོགས་འཚོལ་བ་ཞིག་ཀྱང་ཡིན།
<ཡོངས་སུ་རྫོགས་སོ>
No comments:
Post a Comment