Tuesday, October 2, 2012

འཛིན་གྲོགས་བསོད་ནམས་བྱང་ཆུབ་ལ་སྤྲིངས་བའི་འཕྲིན།

སྙིང་གཏམ་སྙིང་ནས་ཤོར་བའི་ངག་གི་ཕྲེང་།།
སྙིང་ཁམས་ཏོག་ལ་རུབ་ཏེ་ཐེངས་ཤིག་བཀླགས།།
སྙིང་བོ་དོན་ལ་བརྟག་ན་སྐྱོ་ལྷང་ལྷང་།།
སྙིང་ནས་ཚིག་གསུམ་བརྗོད་འདོད་དྲག་ཏུ་འཕྱོ།།


ནད་ཀྱི་སྤྲིན་པ་མཁའ་ལ་འཚང་བ་འདི།།
ཉི་མའི་དཀྱིལ་འཁོར་བཀླུབ་པའི་སྲོལ་རྟགས་མིན།།
སྦྲང་ཆར་ཟམ་ཟིམ་འབབ་པའི་སྐལ་བཟང་དང་།།
བསིལ་བསིལ་འབྲས་བུ་སྨིན་པའི་སྟོན་ཁ་ཡིན།།

ནད་ཀྱི་ཟླ་བ་རིམ་གྱིས་གང་བ་འདི།།
མུན་པའི་ཁམས་ལ་རྒྱང་ཕུད་བཏང་བ་མིན།།
ཉ་གང་ཟླ་བ་འཛུམ་པའི་དམ་རྟགས་དང་།།
མཚན་སྨག་དུས་རིམ་རྫོགས་པའི་སྐྱ་རེངས་ཡིན།།

ནད་ཀྱིས་ཕུང་ཁམས་གཙེ་བའི་ཅ་ཅོ་འདི།།
མིག་ནས་མཆུ་མ་འདོན་པའི་འོ་དོད་མིན།།
བསགས་པའི་རྒྱུ་ལ་འབྲས་བུ་སྨིན་པ་དང་།།
བགྲོད་ལམ་གསར་ཏུ་འབྱེད་པའི་ལྡེ་མིག་ཡིན།།

ནད་ཀྱི་ཉིན་མོ་ཡུན་ནས་རིང་བ་འདི།།
མཁའ་ཡི་ཉི་མས་ཁྱོད་ལ་གནག་པ་མིན།།
ནད་ལ་མཁོ་བའི་དུས་ཚོད་ཁེངས་པ་དང་།།
སྐྱིད་པའི་མིག་གིས་ཚོན་ལ་རོལ་རྟགས།།

No comments:

Post a Comment