Saturday, October 13, 2012

ཞོགས་པའི་པང་ན་འཁྱིལ་བའི་བརྩེ་དུང་།


སྐྱ་རེངས་བཀྱགས་པའི་ནམ་ཚོད་ཞིག་ཏུ་ཤིང་སྡོང་སྒུར་ཏོའི་འོག་རོལ་ན།།
མགོ་གཉིས་གཏུགས་གཏུགས་བྱེད་པའི་མི་གཉིས་གཅིག་གིས་གཅིག་ལ་མདུད་པ་རྒྱབ།།

ལོ་མ་གཡོ་བའི་གླུ་དབྱངས་ཁུག་ན་བརྩེ་གཏམ་གཤོག་པ་གནམ་ན་འཕུར།།
ཞོགས་རླུང་ཉི་ཟེར་སྔས་སུ་བྱས་ཏེ་གཅིག་སེམས་གཅིག་ལ་འཁྱུད་དེ་འཁྱུད།།

མོ་ཡིས་ཟིལ་བའི་མུ་ཏིག་སེམས་ཀྱིས་བཅུས་ཏེ་ཕོ་ཡི་ཁ་ལ་བརྩེ་བས་བླུགས།།
ཕོ་ཡིས་དྲོད་འཇམ་ཉི་ཟེར་སྙིང་གིས་བཟུང་ཏེ་མོ་ཡི་བྲང་ལ་སྙིང་གིས་བརླན།།

དགའ་བའི་འཛུམ་མདངས་གཅིག་གཏད་གཅིག་གིས་ལག་ཟུང་ཕན་ཚུན་དྲོད་ཀྱིས་བསྡམས།།
མྱོས་བའི་མིག་ཟུང་གཅིག་ལ་གཅིག་ཟུག་བརྩེ་དུང་མེ་སྟག་སེམས་ན་འཁྱུགས།།

ནགས་བྱི་རྣམས་ནི་ཡལ་ག་ལོ་མའི་གསེབ་ན་དུངས་བས་དགའ་ལྷང་ལྷང་།།
བྱ་དང་བྱི་འུ་གཡའ་དག་ནམ་མཁའི་དབྱིངས་ན་སྤྲོ་བས་གཤོག་འགྱུར་མངོན།།

ལག་ཟུང་འོ་མས་བཀྲུས་བའི་མོ་ཡི་ལག་གིས་ཕོ་གསར་ཐོད་ཀྱི་སྐྲ་ལ་རག།
དྲོད་འཇམ་འབུམ་གྱི་གཏམས་པའི་ཕོ་ཡི་ལག་གིས་བུ་མོའི་མཁུར་ཚོས་དམར་ལ་བྱིལ།།

རླུང་གིས་དཀྲོལ་བའི་ལོ་མའི་རོལ་དབྱངས་འགྱུར་ཁུག་སྟོང་གིས་སྙན་སེ་སྙན།།
ཚོན་གྱིས་བཞེངས་བའི་འདབ་མའི་བྲོ་གར་སྟངས་ཀ་ཁྲི་ཡིས་མཛེས་སེ་མཛེས།།

བུ་མོ་བདེ་དྲོད་འཇམ་གྱིས་ཕྱུག་པའི་ཕོ་ཡི་རུམ་ན་ཕོ་ལ་ཅེར།།
ཕོ་ཡིས་ཡོད་ཚད་མོ་ལ་འཐེན་ནས་མིག་གཉིས་མོ་ཡི་གདོང་ལ་ཟགས།།

བརྩེ་བའི་བསིལ་རླུང་ལྷོད་ཀྱིས་ལྡིང་ན་བརྩེ་དུང་དྲི་ངད་ཕྱོགས་བཞིར་མཆེད།།
སྙིང་གཏམ་ཉི་ཟེར་དྲོད་ཀྱིས་མཆེད་དུས་བརྩེ་བའི་མེ་ཏོག་འཛུམ་ཁ་གྲོལ།།

མོ་ཡིས་མཆུ་སྒྲོས་དམར་པོ་ཚུར་ལ་སྲེང་ནས་ཕོ་ཡི་ཐོད་ལ་འོ་ཞིག་བྱས།།
ཕོ་ཡིས་ལག་ཟུང་དྲོན་མོ་ཕར་ལ་སྲེང་ནས་མོ་ཡི་སྐེ་ལ་དམ་པོར་འཁྱུད།།

བརྩེ་དུང་ཨ་ལོང་དམ་དུ་སྦྲེལ་བས་གཅིག་གི་སེམས་ཁ་གཅིག་ལ་འཐིམས།།
ཞོགས་པའི་རུམ་ན་རོ་གཅིག་མངོན་པ་ཕོ་མོ་གཉིས་ཀྱི་བརྩེ་དུང་མཚར།།
                                     ༡༡།༡༠།༢༠༡༢


No comments:

Post a Comment