Thursday, October 18, 2012

ཁྱོད་དང་ང་ལ་སོ་སོའི་རྨི་ལམ་ཞིག་ཡོད་པ་ལྟར།རང་ལུས་གཞོམ་བསྲེགས་བྱས་པའི་ངའི་སྤུན་མཆེད་ལའང་རྨི་ལམ་ཞིག་ཡོད་པ་རེད།
____རྒྱལ་མཚན།         (  བསོད་ནམས་རྒྱལ་གྱིས་བསྒྱུར།)


ངའི་སྤུན་མཆེད་དེབློ་བཟང་འཇམ་དབྱངས་ཀྱིས་རང་ཉིད་ཀྱི་གཅེས་སྲོག་མེ་ལ་མཆོད་པའི་ཟླ་བ་ཁ་ཤས་རྗེས་ཀྱི་ཉིན་ཞིག་ལ།སློབ་གྲོགས་རེ་གཉིས་ཤིག་གིས་འདི་ལྟར་གླེང་མོལ་བྱེད་བཞིན་པ་ང་ཡིས་ཐོས་བྱུང་།ཁོ་ཚོ་ལོ་གསར་གྱི་རྗེས་ནས་ཅི་ཕྱིར་མེ་ལ་སྒྲོན་གྱིན་མེད་དམ།དེ་ཡིས་ལོ་གསར་གྱི་དགའ་སྟོན་ལ་བར་ཆད་བཟོ་བཞིན་འདུག”ཅེིས་བཤད་བཞིན་མཆིས།།ཁོ་ཚོས་སྐད་ཆ་དེ་བསམ་བཞིན་དུ་ང་ལ་བཤད་ཀྱིན་མེད་ན་ཡང་།དེ་ནི་མཚོན་ཆ་ཞིག་དང་འདྲ་བར་ངའི་སེམས་ལ་ཟུག་ནས་སླེབས་སོང་།ངས་ཁོ་ཚོ་ལ་སྦར་འཛིན་ཞིག་བྱེད་དེ་རྡོག་པས་ཁ་ཤས་རྫིས་ན་བསམ་མོད།འོན་ཀྱང་།ཡིད་ལ་སྐྱོ་སྣང་གིས་ཁེངས་ཞོར་ངས་རང་ཉིད་ཀྱི་ཁོང་ཁྲོ་ཁོག་ལ་མིད་དེ་ཁོ་ཚོ་བསྐྱུར་ནས་བཞག་པ་ཡིན།

ང་རང་གི་སྤུན་མཆེད་དང་ཡང་ན་གཞན་སུ་ཞིག་གིས་གཅེས་སྲོག་མེ་ལ་སྒྲོན་ཏེ་འཐབ་རྩོད་བྱེད་པའི་རྣམ་པ་དེ་མཆོག་ཏུ་གྱུར་བའི་ཐབས་ལམ་ཞིག་ཡིན་མིན་ཇི་ལྟར་ཡང་།ཁོ་ཚོས་སེམས་པ་རྣམ་དག་གིས་རང་ཉིད་ཀྱི་གཅེས་སྲོག་མ་འོངས་བོད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་མཇུག་བསྡུས་སོང་།

ཁོ་ཚོ་ཚང་མ་ནི་རང་ཉིད་ལས་བོད་རྒྱལ་ཁབ་ལ་སྙིང་ཉེ་ཞིང་ཤ་ཚ་བས།འདི་ནི་གངས་ལྗོངས་འཛུགས་བསྐྲུན་གྱི་ཆེད་དུ་ཁོ་ཚོས་རང་ཉིད་བློས་བཏང་བྱས་བའི་རྒྱུ་མཚན་ཡིན་པ་ལས།རང་ཉིད་ཀྱི་གཅེས་སྲོག་ལ་རིན་ཐང་གི་ཁྲ་ཡིས་མ་རྒྱན་པ་ཞིག་ག་ལ་ཡིན།ང་རང་གི་སྤུན་མཆེད་ལ་ཆ་བཞག་ནས་བཤད་ན།ཁོ་ལ་ཡང་ང་ཚོ་ལ་ཡོད་པ་ལྟར་གྱི་ཕུགས་བསམ་ཡོད་ཅིང་།ཁྱིམ་ཚང་སྐྱོང་བ་དང་བུ་ཕྲུག་གསོ་བ།ཚེ་ཐག་རིང་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ན་ལོས་འདོད།ད་དུང་ཁོ་ནི་ཧ་ཅང་གི་ཕོ་ཉམས་དོད་ཅིང་གསོན་ཤུགས་ཀྱི་ཁེངས་བའི་ཕོ་གསར་ཅིག་ཡིན།ཁྱད་པར་ཏུ་ཁོ་ནི་ཁྱིམ་མཚེས་རྣམས་ལ་འབྲེལ་འདྲིས་བཟང་ཞིང་རོགས་རམ་བྱེད་རྒྱུ་ཡང་ཧ་ཅང་དགའ་མཁན་ཞིག་ཡིན།ད་དུང་ཁོས་རང་ཉིད་ཀྱི་མི་ཚེ་གསར་བ་ལ་རྨི་ལམ་གསར་བ་ཞིག་བཟུང་ནས་ཡོད་ལ།སློབ་སྦྱོང་ལ་ཡང་ཧུར་ཐག་འབད་ཐག་བྱས་ཏེ་སྐད་ཡིག་གི་འབྲི་རྩོམ་གྱི་ཕྱོགས་ནས་བྱ་དགའ་ཡང་བླངས་ཡོད་།ལྟོས་ས་ལྟོས་འཇོག་གི་ཁོ་རང་ཤེས་ཡོན་པ་ཞིག་ཡིན།གང་ལྟར་ཀྱང་།ཁོ་ནི་རང་ཉིད་ལས་བོད་རྒྱལ་ཁབ་དང་མི་རིགས་ལ་དུངས་བ་ཟབ་ཅིང་སྙིང་ཉེ་མཁན་ཞིག་རེད།དེ་བཞིན་རང་སྲོག་མེ་ལ་མཆོད་མཁན་གཞན་དག་ཚོ་ལ་ཡང་དེ་ལྟ་བུའི་བསམ་བློ་ཡོད་པ་ངས་ཤེས་ཡོད།

འཆི་བ་ནི་ལས་སླ་མོ་ཞིག་མ་རེད།ཁྱད་པར་ཏུ་རང་ལུས་མེ་ལ་སྒྲོན་ཏེ་འཆི་བ་ནི་བློའི་ཡུལ་ལ་དཔོག་དཀའ་བ་ཞིག་རེད།ཁོ་ཚོས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་གཉེན་ཉེ་དུ་སོགས་རྒྱབ་ལ་བསྐྱུར་ཏེ་ཕྱི་མར་གཤེགས་པའི་སེམས་ཐག་བཅད།ཁོ་ཚོ་མ་གཤེགས་པའི་སྔ་རོལ་ཏུ་ཐེངས་མ་མང་པོ་ཞིག་ལ་ངུ་བཤུམ་བྱས་ཡོད་པ་ཁོ་ཐག་ཡིན།
ཁོ་ཚོ་ནི་བཙན་ཤེད་ཆེ་བའི་སྲིད་ཇུས་ཀྱི་མདུན་ནས་འགྲེང་ཞིང་དེ་ལ་རྒྱབ་གཏོད་བྱེད་མཁན་དང་།རྒྱ་དམར་གྱི་ཚུལ་འཆོས་ཀྱི་ཁས་ལེན་དག་ནི་བརྩི་མེད་དུ་གཏོང་མཁན་རྣམས་ཡིན།ཁོ་ཚོས་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་ཏེ་འཇིགས་པ་ཅི་ཡང་མེད་པར་ཕྱི་མར་གཤེགས་སོང་།
ང་ཚོས་ཞི་མོལ་ལ་རེ་བ་དང་བོད་ནང་གི་བོད་མི་ཚོར་ཡ་རབས་ཚུལ་ལྡན་དགོས་བའི་ཞུ་འབོད་བྱེད་བཞིན་ཡོད་ན་ཡང་།རྒྱ་ནག་གིས་གཏན་ནས་ང་ཚོའི་ཁར་ཉན་གྱིན་མེད།ཐ་ན་མེ་ལ་མཆོད་པའི་དཔའ་བོ་དཔའ་མོ་ཚོར་མྱ་ངན་གྱི་ངུ་འབོད་ཀྱང་བྱེད་ཆོག་གི་མེད་ལ།བོད་ལ་རང་དབང་དགོས་བ་དང་གོང་ས་མཆོག་བོད་ལ་ལོག་དགོས་ཞེས་བརྗོད་རྒྱུ་ནི་དེ་བས་ག་ལ་ཆོག

ད་དུང་རྒྱ་ནག་གཞུང་གིས་བོད་ཁུལ་ལ་དམག་དཔུང་འགྲེམས་འཇོག་མང་དུ་སྤར་བཞིན་ཡོད་པ་མ་ཟད།ཚད་ལས་བརྒལ་བའི་དྲག་གནོན་བྱས་ཏེ་གཏོར་བཅོམ་དང་གས་ཆག་ཏུ་གཏོང་བཞིན་ཡོད་པ་རེད།ད་དུང་།བོད་ནས་ངོ་རྒོལ་གྱི་ལས་འགུལ་བྱུང་ཚེ།ཁྲི་མུན་བཙོན་ལ་བརྫངས་རྐྱང་དང་སྡིགས་ར་མནར་གཅོད་གཏོང་རྐྱང་བྱེད་ཀྱིན་མཆིས།

སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་ཁོ་ཚོས་ཉེན་ཁ་གདོང་གིས་བསུས་ཤིང་སྐད་འབོད་དང་བླ་འབོད་བྱས་ཏེ་རྒྱ་དམར་གྱི་རྣོག་ལས་དང་དྲག་སྤྱོད་ལ་ངོ་རྒོལ་དང་ཁ་གཏད་བྱས།སྙིང་རྗེ་ཁབ་རྩེ་ཙམ་ཡང་མེད་པའི་རྒྱ་དམར་གྱི་གཉེན་རྟོག་པ་དང་དབང་ཡོད་མགོ་འཛིན་པ་ཚོས་ཆོས་ཀྱི་ཉམས་ལེན་བྱེད་སའི་ལྟེ་སྙིང་དུ་གྱུར་ཡོད་པའི་གནས་ཆེན་དགོན་སྡེ་ཁག་དང་ལོ་རྒྱུས་རང་བཞིན་ཅན་གྱི་རྡོ་རིང་དང་གླེགས་བམ་བཅས་ཧ་ལམ་ཡོངས་རྫོགས་གཏོར་བཅོམ་དུ་བཏང་།

རྒྱ་དཔུང་གིས་དགོན་སྡེ་ཀུན་གྱི་མཐའ་ནས་བསྐོར་ཞིང་གྲྭ་བ་དང་གཉེར་བ་སྟོང་ཕྲག་མང་པོ་དམར་གསོད་དང་རྨོས་སྐྱོན་བཟོས་བ་མ་ཟད།བོད་མི་ཡོངས་ཕྱི་བཏུམ་ནང་བཏུམ་བྱས་ཏེ་ཁོ་ཚོས་མྱོང་བཞིན་ཡོད་པའི་སྡུག་བསྔལ་དང་ཁོ་ཚོ་ལ་དམའ་འབེབས་དང་ཁྱད་གསོད་བྱེད་བཞིན་པ་སོགས་སུ་ལ་ཡང་ཤེས་རྟོགས་བྱེད་དུ་མ་བཅུག།ད་དུང་།དྲང་བདེན་དང་བསྡོངས་ཏེ་ཀེར་རེ་ལངས་མཁན་གྱི་བོད་མི་དག་ནི་སྡང་བའི་དགྲ་བོ་ལྟར་ལྕགས་ཀྱིས་བསྡམས་ཏེ་ལྐོག་ལྐོག་སུབ་སུབ་ཀྱི་སྒོ་ནས་ཁ་ཤས་ཁྲི་མུན་བཙོན་ལ་བརྫངས་བ་དང་ཁ་ཤས་ཐ་ན་དམར་གསོད་ཀྱང་བཏང་ཡོད།

ང་ཚོའི་འཐབ་རྩོད་དང་ཁྱད་པར་དུ་རང་ལུས་མེ་ལ་མཆོད་པའི་ཚ་སོབ་སོབ་ཀྱི་གསར་འགྱུར་དེ་སྒྲ་མི་གོ་བའི་འོན་པ་ཞིག་གི་རྣ་ལ་ལྷུང་བ་དང་འདྲ་ཡང་།བོད་ཀྱི་འཐབ་རྩོད་འདི་རྣ་ཡོད་མཁན་ཚོས་ཉན་གྱིན་མེད་པ་དང་སེམས་མཁན་ཡོད་ཚོས་དོ་སྣང་མེད་པ་ཞིག་ཡིན་པ་དེ་ཡང་བདེན་པ་མ་ཡིན་ནོ།རྒྱལ་སྤྱི་ཡིས་བྷོ་རྫི་རྫི@་ཟེར་བའི་མི་ཞིག་གིས་གཞུང་དང་ལས་རོགས་ཚོས་རང་ཉིད་ལ་ཁྱད་གསོད་དང་དམའ་འབེབས།་སུན་གཙེར་དང་བརྡབ་སིག་བྱས་པ་མ་ཟད་།རང་ཉིད་ཀྱི་ཚོང་རྫས་ཚང་མ་ཡང་གཞུང་བཞེས་བཏང་ཏེ།ཐ་ན་རང་ཉིད་ལ་ཉེས་འགལ་ཡང་ཕོག་སོང་བས།ཡིད་མུག་པའི་བྱ་སྤྱོད་དེ་ལ་ངོ་རྒོལ་བྱེད་ཆེད།སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ལ་ ཐུ་ནི་སཱིན < Tunisia >་ཞེས་བའི་སྲང་ལམ་དེ་ནས་རང་ལུས་མེ་ལ་སྒྲོན་པའི་ལས་འགུལ་དེ་ལ་དོ་སྣང་སྤྲད་པ་ཞིག་བོད་མི་ཚོས་འ་ཆད་འུ་ཐུག་གིས་རང་ལུས་མེ་ལ་མཆོད་པའི་ལས་འགུལ་འདི་ལ་དོ་སྣང་སྤྲད་མེད།

གང་ལྟར་ཀྱང་།བོད་ལ་ཐེབས་པའི་དེ་ཡི་ཤུགས་རྐྱེན་ནི་ཚད་ལས་བརྒལ་བ་ཞིག་རེད།

ཏག་ཏག་ང་རང་གི་སྤུན་མཆེད་ཀྱིས་རང་ལུས་མེ་ལ་སྒྲོན་པའི་རྗེས་ནས།ས་དེའི་རྒན་དར་གཞོན་གསུམ་ཚང་མ་ང་ཡི་གྲོང་སྡེ་དེར་ཡོང་ནས་ཚང་མ་ཁྱིམ་མི་གཅིག་གི་འདུ་ཤེས་ཀྱི་སྒོ་ནས་ཤི་བོ་ཚང་ལ་རོགས་རམ་འདེགས་བྱས་འདུག།ད་དུང་རྩོད་རྙོག་དང་དཀའ་ངལ་སོགས་ཀུན་གྱིས་རྡོག་རྩ་གཅིག་སྒྲིལ་གྱིས་སེལ་ཐབས་བྱས་པ་མ་ཟད།ཐ་ན་སྔོན་ཆད་འཁོན་འཛིན་དང་ཁ་ཁ་ཡིན་པའི་གྲོང་མི་ཚོ་ཡང་ད་ལྟ་ཕན་ཚུན་སྤུན་མཆེད་ནང་བཞིན་སྡུག་མཉམ་ཁུར་དང་ལས་མཉམ་སྒྲུབ་ཀྱི་ངང་འཚོ་བཞིན་མཆིས།ཐ་ན་ང་རང་གི་ཨ་མས་ཀྱང་དགུང་ལོ་ལྔ་བཅུ་ལ་སོན་ཡོད་ཀྱང་རང་རེའི་སྐད་ཡིག་གི་འབྲི་ཀློག་སྦྱང་མགོ་ཚུགས་འདུག་ལ།ཉིན་རྒྱུན་སྐད་ཆ་བཤད་དུས་ཀྱང་རྒྱ་སྐད་བསྲེས་ཏེ་མི་བཤད་པར་རང་སྐད་གཙང་མ་བཤད་པའི་འབད་རྩོལ་བྱེད་ཀྱིན་འདུག།ང་ཚོས་བཙན་བྱོལ་ནས་ཁ་བརྡ་བྱེད་སྐབས་རང་སྐད་ལ་དབྱིན་སྐད་བསྲེས་བ་ལྟར།དེ་བཞིན་བོད་ནང་ན་ཡང་ནམ་རྒྱུན་རང་སྐད་ལ་རྒྱ་སྐད་བསྲེས་ནས་ཁ་བརྡ་བྱེད་བཞིན་ཡོད་པ་རེད།ཡིན་ན་ཡང་།འདིའི་འདྲའི་སྐྱོ་གར་ཅིག་བྱུང་བའི་རྗེས་ནས་བཟུང་།བོད་ནང་གི་བོད་མི་ཚོས་ཁ་བརྡ་བྱེད་དུས་རྒྱ་སྐད་སྤྱོད་ཀྱིན་པ་ཧ་ཅང་ཉུང་ཞིང་།རང་རེའི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བར་ཐབས་བརྒྱ་ཇུས་སྟོང་གིས་འབད་རྩོལ་བྱེད་ཀྱིན་འདུག།

གནས་ཚུལ་འདི་ནི་སྟོབས་འབྱོར་མངའ་ཐང་མེད་ཞིང་ཡར་རྒྱས་ཀྱི་རྣམ་པ་བྲལ་བའི་གྲོང་སྡེ་ཆུང་ཆུང་ཞིག་ནས་བྱུང་བ་ཞིག་ཡིན་ན་ཡང་།གནམ་འོག་འདི་ནས་འདི་ལྟ་བུའི་གནས་ཚུལ་མཉམ་འཛོམས་བྱེད་དུས།འཐབ་རྩོད་འདི་དག་དང་ཁྱད་པར་དུ་རང་ལུས་མེ་ལ་སྒྲོན་པ་འདིས་བོད་མིའི་ནང་ཁུལ་ལ་ཆིག་སྒྲིལ་དང་རྒྱལ་ཞན་གྱི་མེ་སྟག་གསར་བ་ཞིག་མཆེད་དེ་བོད་མི་མང་པོ་ཞིག་རྨོངས་གཉིད་ལས་དཀྲོགས་སོང་།

དྲང་བདེན་ནི་རྒྱ་དམར་ལ་འཕྲད་དུས་ཅི་ཡང་མིན་པ་ཞིག་རེད།རྒྱ་དམར་ལ་ཁ་ལེན་ཚིག་བརྩི་བྱེད་མཁན་ཁོ་ན་དགོས་ཤིང་།ཁོ་ཚོས་དེ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་བོད་ཀྱི་བདེན་པ་དེ་བཀབ་སྦོས་བྱེད་བཞིན་ཡོད།ཡིན་ན་ཡང་།དྲང་བདེན་ནི་ནམ་ཡང་དྲང་བདེན་ཡིན་ལ་བཙན་ཤུགས་དང་དབང་ཐང་གིས་དེ་སྐྱག་རྫུན་ལ་ཁྱོན་ནས་བསྒྱུར་མི་ཐུབ།ཐ་ན་བོད་མི་ཁྲི་སྟོང་མང་པོ་གསད་ཀྱང་།ལོ་རྒྱུས་ཀྱི་དེབ་ཐེར་ན་བོད་ནི་རྒྱ་དམར་ལས་ཁ་ཁ་ཡིན་པ་འགྱུར་མེད་སྔར་གནས་ལྟར་ཡིན།

ད་དུང་རྒྱ་དམར་གྱིས་གོང་ས་མཆོག་ལ་ཁུང་མེད་ལུང་མེད་ཀྱིས་ཉེས་འཛུགས་དང་དཀྲོག་གཏམ་སྤེལ་ཏེ་ཁ་གཏད་དང་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད།ཡིན་ན་ཡང་བོད་མི་ཚོས་བོད་རྒྱ་གཉིས་ཀྱི་གནད་དོན་འདི་ཞི་བའི་སྒོ་ནས་སེལ་ཐབས་ཤིག་མ་གཏོགས་ཐབས་ལམ་གཞན་ཅི་ཡང་བཏོད་མི་སྲིད།ཁྱད་པར་དུ་རྒྱ་དམར་གྱི་གཞི་རྩ་མེད་པའི་ཉེས་འགེབ་སྐྱོན་འདོགས་བྱེད་པའི་བྱ་སྤྱོད་འདི་ནི་རྒྱལ་སྤྱིའི་་མིག་ནང་གི་ཁོ་རང་ཚོའི་སྣང་བརྙན་དེ་ནག་ནོག་ལ་བཟོ་བཞིན་ཡོད་པ་ཞིག་ཀྱང་རེད།

ང་ལ་རང་ལས་གཞན་གཅེས་ཀྱི་གཅེས་སྲོག་མེ་ལ་མཆོད་མཁན་འདིས་རྒྱལ་སྤྱི་ཡོངས་རྫོགས་སེམས་འགུལ་ཐེབས་པ་ཞིག་བྱེད་མི་དགོས་ཤིང་།དེས་བོད་མི་རང་ཉིད་ལ་བློ་སྤོབས་ཤིག་བསྟབས་ཡོད་ན་དེ་ཙམ་གྱིས་ཆོག་གོ།

ྒྱུར་པ་པོའི་ཟུར་མཆན།
@བྷོ་རྫི་རྫི་སྟེ་ཁོང་གི་མིང་ཆ་ཚང་ལ(Tarek al-Tayeb Mohamed Bouazizi)་ཟེར།ཁོང་ནི་ཨ་ཡབ<Arab>རྒྱལ་ཁབ་ཀྱི་མི་སེར་དཀྱིས་མ་ཞིག་ཡིན་ཞིང་།སྲང་ལམ་ནས་ཚོང་ལས་གཉེར་མཁན་ཞིག་ཀྱང་རེད།གཞུང་དང་ཁོང་གི་ལས་རོགས་ཚོས་སུན་གཙེར་དང་གཉའ་གནོན་གྱི་རྐྱེན་པས།སྤྱི་ལོ་༢༠༡༠ལོའི་ཟླ་༡༠ཚེས་༡༧ཉིན་ལ་ཐུ་ནི་སཱིན < Tunisia >་ཞེས་བའི་སྲང་ལམ་དེ་ནས་རང་ལུས་མེ་ལ་སྒྲོན།སྐབས་དེར་ཁོ་རང་དུང་ལོ་ཉེར་བདུན་རེད།དེ་ཡིས་རྐྱེན་བྱས་ཏེ།ཨ་རབ་ཀྱི་མེ་ཏོག་བ་སྤུ་ཡི་གསར་བརྗེ་བསླངས།ད་དུང་དཀྱིལ་ཨེ་ཤའི་གླིང་ལ་དེ་ཡི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་<Libya>ལི་བྷི་ཡཱའི་སྒེར་གཅོད་སྲིད་དབང་ལམ་ལུགས་རྩ་སློག་བྱས་ཏེ་སྲིད་འཛིན་ངྒ་རྡ་ཧྥི་ <Mubmmar Gaddafi>་ཡི་ཚེ་སྲོག་ཀྱང་ཤོར་སོང་བ་རེད།

No comments:

Post a Comment