རུས་རྐང་གི་མཆོད་མེ།
བསོད་ནམས་རྒྱལ།
འབྲོང་གི་རུས་པར་གསེར་གྱི་ཆོད་སེམས་བརྐོས།།
རིགས་ཀྱི་བདེ་སྡུག་བློ་ཡི་ཕུགས་སུ་བཏགས།།
སྲོག་གི་རུས་རྐང་སྤོབས་པས་མེ་ལ་སྒྲོན།།
གངས་རི་དཔའ་བོའི་ཚོགས་ལ་མཆོད་མེ་འབུལ།།
བཙན་པོའི་ཕོ་བྲང་མཚོན་གྱིས་རྨང་ནས་གཏོར།།
སྐྱ་ཀ་ཁྲ་མོའི་ཚང་མལ་རླུང་གིས་བཤིག།
འཛུམ་གྱི་བླ་སྲོག་དཔུང་གིས་རྨག་མེད་བཏང་།།
ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་ཆར་གྱིས་བྲན།།
ས་ཡི་བྲང་ཁོག་ལྕགས་ཀྱིས་གཏིང་ནས་གཤགས།།
ཆུ་ཡི་ནང་མ་སྙིགས་མས་ཧྲིལ་གྱིས་བསྙོགས།
གླེགས་བམ་ཁྲོད་ཀྱི་ཀླད་པ་ཞོ་ལྟར་དཀྲིགས།།
ཉིན་མཚན་ཀུན་ལ་བརླང་པའི་འཁོར་ལོ་བསྐོར།།
བྱིས་པ་མང་པོ་དྭ་ཕྲུག་གནས་སུ་སྤྱུགས།།
སྐྱེས་མེད་མང་མང་ཡུགས་མོའི་ས་ལ་དབྱུང་།།
རིག་པ་ཅན་རྣམས་གཞི་ནས་མཐའ་ལ་སྐྲད།
གངས་ཕྲུག་གྲངས་མེད་བས་མཐའི་ཡུལ་ལ་བྱོལ།།
འདི་ལྟར་ཁ་བའི་ལྗོངས་ལ་སྨུག་གིས་བསྒྲིབས།།
འདི་ལྟར་དམར་བོའི་གཞུང་གིས་བློ་སྙིང་བྲུས།།
འདི་ལྟར་གངས་རིའི་རང་མདངས་ཁྲག་ལ་བསྒྱུར།།
འདི་ལྟར་དུས་འགྱུར་ཁྲག་གིས་ལོ་རྒྱུས་བྲིས།།
ལྟར་ཡང་གཙང་བོ་རྒྱུན་ཐག་འཇགས་མ་ཐུབ།།
ལྷུན་པའི་བརླིང་ཉམས་བཀན་མོ་སྙོམ་མ་ནུས།།
ཁ་བའི་ནང་སྙིང་གསོན་པོ་ཁོག་ནས་ལྡིར།།
བཙན་པོའི་སྙིང་སྟོབས་སླར་ཡང་གསོན་པས་འབར།།
ན་ཟུག་འབུམ་གྱིས་སེམས་ཀྱི་བླ་རི་བསྒུལ།།
མིག་ཆུ་ནག་པོས་གདོང་གི་མེ་ཏོག་རྫིས།།
འཕྲོག་གསོད་བཅོམ་གཏུབ་ཁ་བའི་ལྗོངས་ནས་སྤེལ།།
སེམས་ཀྱིས་མ་བཟོད་གཅེས་སྲོག་མེ་ལ་མཆོད།།
མཆོད་མེ་འདི་ནི་ལ་རྒྱའི་སྟོང་གིས་སྤར།།
མཆོད་མེ་འདི་ནི་ལྷག་བསམ་འབུམ་གྱིས་སྤར།།
མཆོད་མེ་འདི་ནི་རེ་བའི་འོད་ཀྱིས་སྤར།།
མཆོས་མེ་འདི་ནི་བདེན་པའི་སྟོབས་ཀྱིས་སྤར།།
མེ་ལྕེ་དགུང་ལ་འཕྱུར་བ་སྙིང་སྟོབས་འབར།།
མེ་ཡིས་དྲོད་ཁོལ་སྟོབ་པ་བློས་བཏང་མཚོན།།
མེ་ལ་འོད་ཀྱིས་ཕྱུག་པ་བདེན་པ་རྒྱལ།།
མེ་ཡིས་གྲང་ངར་སྐྲོད་པའི་གཏན་ཚུགས་མཐོ།།
གསོན་པའི་ལྗང་ལོར་མ་སྲེད་ཕྱི་མར་གཤེགས།།
གཉེན་གྱི་གྲིབ་བསིལ་མ་རོལ་མེ་ལ་སྒྲོན།།
གྲོགས་ཀྱི་བརྩེ་འཛུམ་བསྐྱུར་ཏེ་གཅེས་སྲོག་མཆོད།།
ཁ་བའི་བདེ་སྡུག་སླད་ཕྱིར་མེ་འདི་སྦར།།
མེ་འདིས་གངས་རིའི་ངོགས་སུ་ལོ་རྒྱུས་སྦར།།
མེ་འདིས་སེམས་པ་རྫོགས་མེད་མེ་རུ་སྦར།།
མེ་འདིས་གནམ་འོག་ཀུན་ལ་ངོ་མཚར་སྦར།།
མེ་འདིས་བདེན་པའི་དཔའ་འབར་ཤུགས་ཀྱིས་སྦར།།
ཁྲ་ཆིལ་མེ་ཏོག་ཚོགས་རྣམས་མེ་ཡིས་འཚིགས།།
ཁྱེད་ཀྱི་ལང་ཚོའི་ཟིལ་ཤུགས་སྦྱིན་སྲེག་བཏང་།།
ལང་ཚོའི་སྟོབས་ཤུགས་ནམ་ཡང་ཀུན་ལས་འཕགས།།
ལང་ཚོའི་ཕྱོགས་སྟོན་ཁྲོད་ན་སྐྱ་རེངས་གསལ།།
ཁ་བ་རི་བའི་སྲོག་ཤིང་དགུང་ལ་བསྟད།།
པོ་ཏ་ལ་ཡི་གཟུངས་བཞུགས་བཅུད་ཀྱིས་བརྟོས།།
སྒང་པའི་མཆོད་རྟེན་དྲི་མེད་གཙང་ལ་ཕྱག།
ཁྱེད་ཀྱིས་སེམས་དཔའ་ཆེན་མའི་རྣམ་ཐར་འཛིན།།
མེ་ལྕེ་དེ་ཡིས་ལུག་ཁྱུ་མཐའ་ནས་སྲུང་།།
མེ་ལྕེ་དེ་ཡིས་ཅེ་སྤྱང་རྒྱང་ལ་བདའ་།།
མེ་ལྕེ་དེ་ཡིས་དགུན་གཞུང་ངར་གྱིས་རྒོལ།།
མེ་ལྕེ་དེ་ཡི་མགོ་བོ་མཁའ་ནས་མཆེད།།
མི་ཆེན་དག་གི་སྨྲ་སྒོ་དངུལ་གྱིས་བསྡམས།།
བདེན་པའི་ངོ་གདོང་ཆ་རྫོགས་ཁེ་ཡིས་བསྒྲིབས།།
ཉམ་ཐག་ཚེ་སྲོག་ཀུན་པོ་གྲགས་པས་བཀུམས།།
རུས་རྐང་མེ་ལ་སྒྲོན་པ་ཉི་ཟླར་གསལ།།
སྨག་གི་རྔམ་ཁ་མཐུག་ནས་མཐུག་ཏུ་ཕྱིན།།
མེ་ལྕེ་དྲག་པོ་རྒོད་ནས་རྒོད་དུ་གྱུར།།
རུས་རྐང་མེ་ལ་སྒྲོན་ཏེ་མཆོད་མེ་སྦར།།
ས་སྟེང་འདི་ལ་མེ་ཡིས་ཞབས་རྗེས་བཞག།
མེ་ལ་སྒྲོན་པའི་ཁྱོད་ཀྱི་ཁ་ཆེམས་བརྗིད།།
ཁ་ཆེམས་དེ་ལས་ཁྱེད་ཀྱི་འགན་འཁྲི་རྟོགས།།
ཁ་ཆེམས་དེ་ལས་ཁྱོད་ཀྱི་རེ་བཞག་མངོན།།
ཁྱེད་ནི་ལོ་རྒྱུས་དེབ་ཐར་ངོགས་སུ་ཆེན་པོས་འབྲི།།
སྒང་པ་མི་རིགས་འདི་ཡི་སེམས་ཀྱི་དཔལ།།
གླིང་གཞིའི་ཟིན་ཐོ་ཁྲོད་ན་འོད་ལྟར་འཚེར།།
བདེན་པའི་དབྱིངས་ཀྱི་གནས་ན་མིག་བཞིན་མཛེས།།
ཁྱེད་ཀྱི་མཆོད་མེ་གཡོ་མེད་ནམ་ཡང་བརྟན།།
མེ་ལ་སྒྲོན་པ་ལྔ་བཅུ་གྲངས་ལས་བརྒལ།།
ཁྲི་མུན་བཙོན་ལ་མང་ནས་མང་དུ་བརྫངས།།
ལྐོག་ནས་བསད་པ་ཚོད་དཔག་བྱེད་དུ་དཀའ་།།
ཐམས་ཅད་སིམ་པོར་གནས་བ་ཞེ་བློ་སྨྲེང་།།
ཁྱེད་ཚོ་བདེ་བ་ཅན་ལ་གཤེགས་པར་སྨོན།།
སྒྲོན་པའི་མཆོད་མེ་གཟིམ་པ་མེད་པར་སྨོན།།
མེ་ལྕེ་ནག་ཕྱོགས་གཡུལ་ལས་རྒྱལ་བར་སྨོན།།
༢༠༡༢--༠༨--༢༢ ་ཉིན་ལ་རྫོགས་སོ།
No comments:
Post a Comment