Sunday, December 9, 2012




ང་དགོད་རྒྱུ་ཡོང་གི ང་ངུ་རྒྱུ་ཡང་ཡོང་གི་ཡ།
(06/11/2012)

སྟ་རེ་ལ་རྣོ་བླུགས། གཉའ་སྐེ་ཡི་རུས་པ་ཤུགས་ཀྱིས་གསིལ།
མཐོ་བ་ལ་སྲ་བཏབས། སྐེད་པ་ཡི་སྒལ་ཚིགས་དུམ་བུར་བཅགས།།
རལ་གྲི་ཡི་ཁ་རྒྱས། བྱང་ཁོག་གི་དོན་སྙིང་ཧོལ་གྱིས་དཀྲིགས།།
དེ་རིང་གི་ཉིན་ཐོ་ཡི་གསེང་ལ་འཚང་བའི་གྲིབ་གཟུགས་ནག་པོ་རེད།




མེ་མདའི་ཁ་ལ་མདུད་པ་རྒྱབ་ཡོད་ན་ཡང་།
སེམས་ཀྱི་མཚོན་ཆ་ལ་རྣོ་དབའ་རྒྱས
དྲང་བདེན་དང་དྲང་བདེན།
ཞི་བདེ་དང་ཞི་བདེ།
མེ་མདའ་བཏུམ་པའི་གོས་ཀྱི་ཤུལ་རེད།
ང་དགོད་རྒྱུ་ཡོང་གི ང་ངུ་རྒྱུ་ཡང་ཡོང་གི་ཡ།

ཁྱོད་ཀྱི་འོད་ཟེར་འཕྲོ། ཁྱོད་ཀྱི་འཇིག་རྟེན་སྣང་བ་ཡིན།
ཁྱོད་ཀྱི་སྐྱེས་སྟོབས་འབར། ཁྱོད་ཀྱི་ཁྱིམ་གཞི་ལྗང་གུ་ཡིན།
ཁྱོད་ཀྱི་བདེན་པ་གསལ། ཁྱོད་ཀྱི་སྐད་ཆ་བདེན་པ་ཡིན།
དེ་རིང་ནི་སྟོབས་ཤུགས་ཀྱི་དུས་རབས་རེད།བདེན་པ་ཡང་དེ་བཞིན་ནོ།

ཨོ་། ངས་ཤེས་སོང་། མི་རེད་ལགས།
མི་ཡི་ཁ་སྒོ་མིག་སྒོ་ན་བདེན་པ་ནི་རང་དོན་རེད།
མི་ཡི་སེམས་ཁ་བློ་ཁ་ན་དྲང་བདེན་ནི་ཁེ་ཕན་རེད།
དྲང་བདེན་དང་དྲང་བདེན།
ཞི་བདེ་དང་ཞི་བདེ།
མི་རིགས་ཀྱི་མཆེ་བ་འགེབ་བྱེད་ཀྱི་འཛུམ་མདངས་རེད།
ང་དགོད་རྒྱུ་ཡོང་གི ང་ངུ་རྒྱུ་ཡང་ཡོང་གི་ཡ།


No comments:

Post a Comment