Sunday, December 9, 2012




གོམ་ཁ་རི་ལ་གཏད་པའི་བརྗེད་ཐོ་ནག་པོ།
།(09/11/2012)

ཕོར་བ་ཁ་ཆག་ནང་གི་ཟ་མ་འཁྱགས་དོ།
རྐང་ལྷམ་རལ་པོ་ནང་གི་རྐང་སྣེ་མཁྲེགས་པོ།།
ལམ་ཁ་ཁུག་ཀྱོག་ངོས་ཀྱི་གོམ་པ་ཁྱར་ཁྱོར།།
...
འབྲི་དེབ་མག་མོག་སྟེང་གི་ཉིན་ཐོ་གྲང་མོ།།
གོམ་ཁ་རི་ལ་གཏད་པའི་བརྗེད་ཐོ་ནག་པོ།།

སྒྲོག་མེད་ལྭ་བའི་འདབས་ན་རླུང་ཁ་རྩུབ་མོ།།
སེམས་རྩ་འཁྱགས་ལ་བཏབས་པ་དར་ཀློང་འདྲ་སེ།།
རྒྱང་རིང་རྡུལ་གྱིས་གཡོགས་པའི་རྐང་གཉིས་སྣེ་ན།།

ཐག་ཉེ་རྒྱང་ལ་བརྐྱངས་བའི་དྲན་ཚུལ་མཐུག་པོ།།
གོམ་ཁ་རི་ལ་གཏད་པའི་བརྗེད་ཐོ་ནག་པོ།།

ཕྱི་ལ་གཏད་པའི་སྒེའུ་ཁུང་ཆུང་ཆུང་དག་དག།
མིག་གིས་ལྟ་ས་དོག་དོག་ཁབ་མིག་འདྲ་བ།།
འགྲོ་འོང་བྱེད་སའི་རྒྱ་སྒོ་འཕྲད་ཞེང་ཕྲ་མོ།།
རལ་གྲི་འཕྲད་ལ་བཏགས་ན་མི་ཤོང་ཁོ་ཐག།
རང་མགོ་རང་རྒྱལ་དཀའ་བའི་བརྗེད་ཐོ་ནག་པོ།།

སྡོང་ལོ་རླུང་གིས་ཁུར་བའི་སེམས་པ་སྐྱ་བོ།།
དྲན་གདུང་སྟོང་གིས་གཙབས་ཏེ་ཐང་ལ་བསྒྱེལ་སོང་།།
སྙིང་གི་དྲོད་ཤ་གླན་སའི་རྟེན་ཞིག་ཡོད་ན།
དཔྱིད་ཀྱི་ལྗང་མདོག་སེམས་ཀྱི་དབུས་ནས་བཞད་དམ།
སྙིང་ལ་འབུགས་གཙགས་བྱས་བརྗེད་ཐོ་ནག་པོ།།


No comments:

Post a Comment