Sunday, December 9, 2012


གནམ་ལ་མཆིལ་ཞགས་འཕེན་པ
(06/11/2012)

ཟིལ་བ་ཡི་སྐེ་རྩ་བསྒགས་ཏེ།
མུ་ཏིག་གི་དཀར་མདངས་སྣོག་དུས།
ཁྱོད་གང་དུ་བུད་སོང་།
སྨྱུག་བུར་ཁེན་ནས་གང་དུ་བྲོས་སོང་།
བྱེ་ཐང་ལ་དཔར་བའི་རྐང་རྗེས་ཐར་ཐོར་དེ།
ཁྱོད་ཀྱིས་སང་ཉིན་ལ་བཞག་པའི་ལེགས་སྐྱེས་དེ་ཡིན་ནམ།
ང་ངོ་མ་ཁྱོད་ལ་རེ་ཐག་ཆད་སོང་།
ང་ངོ་མ་ཁྱོད་ལ་སུན་སྣང་སྐྱེས་ཀི



ཉི་མ་ས་འོག་ཏུ་སྦས་ཤིང་།
ཟླ་བ་ཆུ་གཞུང་ལ་གཡུགས་དུས།
ཁྱོད་གང་དུ་ཡོད།
རྐུབ་སྟེགས་དྲུད་ནས་གང་ན་ཡལ་ཡོད
གྱང་གོག་ལ་སྦྱར་བའི་ཡིག་ཅོག་དེ་ཚོ།
ཁྱོད་ཀྱིས་རྒྱུ་འབྲས་མ་རྣོག་པའི་བདེན་དབང་དེ་ཡིན་ནམ།
ང་ངོ་མ་ཁྱོད་ལ་རེ་ཐག་ཆད་སོང་།
ང་ངོ་མ་ཁྱོད་ལ་སུན་སྣང་སྐྱེས་ཀི


སྙིང་དམར་བཙན་གྱིས་བཏོན་ཏེ།
མིག་འབྲས་ལྕགས་ཀྱིས་འབྲུ་དུས།
ཁྱོད་གང་དུ་ཡོད།
གླེགས་བམ་ཁུར་ནས་གང་ལ་ཆས་ཀྱིན་ཡོད།
དབྱངས་ལ་གྱེར་བའི་དབྱངས་རྟའི་ཅ་ཅོ་ནི།
ཁྱོད་ཀྱིས་སུ་ལ་བླངས་བའི་གླུ་དབྱངས་ཡིན་ནམ།
ང་ངོ་མ་ཁྱོད་ལ་རེ་ཐག་ཆད་སོང་།
ང་ངོ་མ་ཁྱོད་ལ་སུན་སྣང་སྐྱེས་ཀི

རུས་ཀོང་དཀར་རེ་བརྩིགས་ཏེ།
ཁྲག་དམར་བལྟམས་སེ་བསྐྱིལ་དུས།
ཁྱོད་གང་དུ་ཡོད།
ཞི་བདེ་ཡི་དར་ཆ་སྦྲུགས་བཞིན་གང་ན་སྐུང་ཡོད།
དྲང་བདེན་གྱི་མགོ་བོ་རྩྭ་གཏུབ་ལ་བཞག་པ།
ཡིན་མདོག་མདོག་གི་ཁྱོད་ཚོའི་ནག་ཁོག་དེ་ཡིན་ནམ།
ང་ངོ་མ་ཁྱོད་ལ་རེ་ཐག་ཆད་སོང་།
ང་ངོ་མ་ཁྱོད་ལ་སུན་སྣང་སྐྱེས་ཀི

ཕ་ས་མེ་ལ་སྦར་ཏེ།
ནང་མི་བཙོན་ལ་བརྫངས་དུས།
ང་གང་དུ་ཡོད།
སུ་ཚང་གི་ནམ་མཁའ་ན་དལ་རྨེག་གེར་ཡོད་དམ།
རྒྱང་རིང་ན་རྒྱང་རིང་ན་འཐིམས་བཞིན་པ་དེ།
ང་ཡིས་ཕ་མེས་ཡང་མེས་ཚོར་ཅི་ཞིག་རྩིས་སྤྲོད་བྱས་ཡོད་དམ།
ང་ངོ་མ་ང་ལ་རེ་ཐག་ཆད་སོང་།
ང་ངོ་མ་ང་ལ་སུན་སྣང་སྐྱེས་ཀི།

 

No comments:

Post a Comment