དཔའ་བོའི་རྟོགས་བརྗོད།
----མེ་ཡི་གསར་བརྗེ།
-----ལོ་མ་རྒྱལ།
(ཝཱ་ར་ཎ་སི)
བྲག་རི་འབར་སོང་།
རྔམ་བརྗིད་དང་བརླིང་ཉམས་ཀྱིས་འབར་སོང་།
ལར་ཞེན་དང་ན་ཟུག་གིས་འབར་སོང་།
སྨག་རུམ་གྱིས་སྙིང་དམར་བྲུས་སོང་བས།
འཁྱགས་རླུང་གིས་བྲག་ངོས་གཙབས་སོང་བས།
མེ་ལྕེ། དགུང་ནས་དགུང་ལ་མཆེད།
ཁྱེད་ཀྱིས་སྤྱིན་པ་ནི་འོད་ཟེར་དང་དྲོལ་ཁོལ་ལོ།
ཁྱེད་ནི་གནམ་འོག་གི་མེ་འོད་ཀྱིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ།
བདག་གིས། ཁྱེད་ཀྱི་ཞབས་རྗེས་གསེར་ནག་གིས་འབྲི་ཨང་།
བྲག་རི་འབར་སོང་། མིག་ཆུ་ལྷུང་ཐལ།
མེ་ཏོག་འབར་སོང་།
མཛེས་སྡུག་དང་བཀྲག་མདངས་ཀྱིས་འབར་སོང་།
ལ་རྒྱ་དང་བདེན་ཐུབ་ཀྱིས་འབར་སོང་།
བུ་ཡུག་གིས་གཞུང་རྟ་བསིལ་སོང་བས།
འཁྱགས་རོམ་གྱིས་ལོ་འདབས་བཀུམས་སོང་བས།
མེ་ལྕེ། ས་གཞི་ནས་ས་གཞི་ལ་འཕྱུར།
ཁྱེད་ཀྱིས་གནང་བ་ནི་མཆོད་མེ་དང་བགྲོད་ལམ་ཡིན།
ཁྱེད་ནི་གནམ་འོག་གི་མེ་དཔུང་གིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ།
བདག་གིས། ཁྱེད་ཀྱི་ཞལ་ཆེམས་མུ་ཏིག་གིས་འབྲི་ཨང་།
མེ་ཏོག་འབར་སོང་། མིག་ཆུ་ཐོར་སོང་།
ཟིལ་བ་འབར་སོང་།
དྭངས་གཙང་དང་རྣམ་དག་གིས་འབར་སོང་།
ལྷན་འཛོམས་དང་ལྷག་སེམས་ཀྱིས་འབར་སོང་།
སྟ་རེ་ཡིས་ལོ་མ་གཏོར་སོང་བས།
མདུང་རྩེ་་ཡིས་དྭངས་མ་བསྙོགས་སོང་བས།
མེ་ལྕེ། སེམས་པ་ནས་སེམས་པ་ལ་འཁྱུགས།
ཁྱེད་ཀྱིས་བསྟབས་པ་ནི་སྙིང་སྟོབས་དང་སང་ཉིན་ནོ།
ཁྱེད་ནི་གནམ་འོག་གི་མེ་ལྕེ་ཡིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ།
བདག་གིས། ཁྱོད་ཀྱི་སྒྲོན་མེ་དངུལ་ཆུ་ཡིས་འབྲི་ཨང་།
ཟིལ་བ་འབར་སོང་། མིག་ཆུ་བཞུར་སོང་།
མཚོ་མོ་འབར་སོང་།
བྱམས་བརྩེ་དང་དུངས་སེམས་ཀྱིས་འབར་སོང་།
དབྱར་ལྗོངས་དང་སྐྱོ་མུག་གིས་འབར་སོང་།
ལྕགས་མདུང་གིས་མཚོ་གཏིང་དཀྲིགས་སོང་བས།
འཁྱགས་དར་གྱིས་མཚོ་ཁ་བསྡམས་སོང་བས།
མེ་ལྕེ། རྒྱ་མཚོ་ནས་རྒྱ་མཚོ་ལ་འཕྱོ།
ཁྱེད་ཀྱིས་བསྩལ་བ་ནི་བརྩེ་སེམས་དང་དྲོད་འཇམ་ཡིན།
ཁྱེད་ནི་གནམ་འོག་གི་མེ་རླབས་ཀྱིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ།
བདག་གིས། ཁྱེད་ཀྱི་འོད་སྣང་རྣོ་ལྕགས་ཀྱིས་འབྲི་ཨང་།
མཚོ་མོ་འབར་སོང་། མིག་ཆུ་ཤོར་ཐལ།
རླུང་རྟ་འབར་སོང་།
གསོལ་འདེབས་དང་ཏིང་འཛིན་གྱིས་འབར་སོང་།
ཞི་བདེ་དང་དད་འདུན་གྱིས་འབར་སོང་།
གླེགས་བམ་མཆེ་བ་ཡིས་འཆོས་སོང་བས།
མཆོད་རྟེན་མཐོ་བ་ཡིས་བཤིགས་སོང་བས།
མེ་ལྕེ། དུས་ཚོད་ནས་དུས་ཚོད་ལ་མཆོངས།
ཁྱེད་ཀྱིས་བསྟན་པ་ནི་རེ་བ་དང་ཉི་མ་ཡིན།
ཁྱེད་ནི་གནམ་འོག་གི་མེ་འབར་གྱིས་ལོ་རྒྱུས་འབྲི་མཁན་ཐོན་མ་སྟེ།
བདག་གིས། ཁྱོད་ཀྱི་འོད་ཟེར་ཁྲོ་ཆུ་ཡིས་འབྲི་ཨང་།
རླུང་རྟ་འབར་སོང་། མིག་ཆུ་བབས་ཐལ།
༡༦།༡༡།༢༠༡༢མཚན་མོར།
No comments:
Post a Comment