ལོ་མའི་སྐད་ཆ།
སྐྱ་རེངས་ལྷོད་ཀྱིས་བཀྱགས་པ་ན་སྒེའུ་ཁུང་ཕྱི་རོལ་གྱི་མིང་མི་ཤེས་བའི་ཤིང་སྡོང་དེའི་སྟེང་ནས་ཆ་མི་འཚལ་བའི་བྱེའུ་ཞིག་གིས་ཁྱིམ་ཚང་ཞིག་མེ་ལ་ཤོར་སོང་བ་ལྟར་གྱ་གྱུ་ཡི་སྐད་སྒྲ་སྒྲོག།
དེ་ནི་ཉི་མ་སྐྱབས་ལ་མཚོན་ན་ཞོགས་པའི་དུང་བརྡ་ཞིག་དང་འདྲ་བར་མཐུག་པོ་གཉིད་ལས་དཀྲོགས་བྱུང་།
ཉི་མ་སྐྱབས་ཀྱང་དེ་དང་འགྲོགས་ནས་ཕག་གི་ཉལ་ས་ལྟ་བུའི་མལ་ཁྲི་དེ་ནས་ཡར་ལ་ལངས་ཏེ། རུལ་དྲི་དང་རྐང་དྲི།
རྔུལ་དྲི་ཡིས་ཁེངས་ཡོད་པའི་ཉལ་ཁང་དེ་ལས་ཕྱིར་ལ་ཐོན་ཏེ། ཞོགས་པའི་ཉི་ཟེར་དང་མཁའ་དབུགས་དྭངས་མོ་དེ་ཡི་ཕྱོགས་སུ་གོམ་པ་སྤོ་བར་བྲེལ།
ཁོ་རང་ཉལ་ཁང་ལས་མ་ཐོན་པའི་སྔོན་ལ།
ཉལ་ཁྲི་ཡི་སྣེ་ལ་བཙོག་སྟེ་སྡོམ་ཐག་གིས་བསྣོལ་བའི་སྒེའུ་ཁུང་རབ་རིབ་དེ་ཡོངས་བོར་ཕྱེ་ནས་ཕྱི་ལ་ལྟོས་བ་ན།
ཕྱི་རོལ་ནི་ཁ་དོག་དང་མཚོན་མདངས་བྲལ་བའི་གནའ་བའི་འདྲ་པར་རྙིང་པ་ཞིག་དང་འདྲ་བར་སྐྱ(ནག)་ཟིལ་ཟིལ་དང་གསལ་ལ་མི་གསལ་བ་ཞིག་ཏུ་སྣང་།
ད་དུང་ཡང་མིང་མི་ཤེས་བའི་བྱིའུ་དེ་ཡིས་སྐད་ངག་འབྱིན་བཞིན་འབྱིན་བཞིན་འདུག། ཕར་ལྟོས་ཚོད་དུ།
དེ་ནི་སློབ་མ་ཞིག་ལ་ཉེས་ཆད་ཕོག་སྟེ་ཨུ་ཚུགས་ཀྱིས་དཔེ་ཆ་ངག་སྐྱོར་བྱེད་པ་
དང་ཀུན་ནས་མཚུངས།
དེ་ནས། ཉལ་གྲོགས་ཚོ་ཡི་རྨི་ལམ་ལ་འགྲིམས་བཞིན་པའི་སྣ་ཡི་སི་སྒྲ་དང་ཁ་ཡི་དབུགས་སྒྲས་ཁོ་རང་སླར་ཡང་ཉལ་ཁྲི་སྟེང་དུ་གཡུགས་གྲབས་བྱས་སོང་མོད།
འོན་ཀྱང་ཕྱི་རོལ་ན་བདོག་པ་ནི་སྐྱ་རེངས་ཀྱི་འོད་མདངས་དང་ཞོགས་པའི་མཁའ་དབུགས་དྭངས་མོ་དེ་ཡིན་པ་ནི་ཅིས་ཀྱང་བདེན་པས།
ཁོས་འཕྲལ་སྟབས་ཀྱིས་སོ་བཀྲུས་གདོང་བཀྲུས་སོགས་བྱས་ཏེ་ཉལ་ཁང་ལས་ཐོན་ཏེ་སློབ་གྲྭའི་སྐྱེལ་ཚལ་གྱི་ཕྱོགས་སུ་བསྐྱོད།
ཉི་མ་སྐྱབས་ཀྱིས་ཞོགས་པའི་གཉིད་ཀྱི་མངར་ཁ་ལ་རོལ་ན་མ་འདོད་པ་ཡིན་ནམ། ཡང་ན། སྐྱ་ཤག་ཤག་གི་མཐའ་བཞི་ཡི་གྱང་ངོས་དང་རྡུལ་ནག་གི་སྦགས་པའི་རླུང་འཁོར།
གད་སྙིགས་ཀྱིས་ཁེངས་བའི་ཉལ་ཁང་འདི་ལ་དུངས་བ་དང་སྤྲོ་སེམས་དབེན་པས་ཡིན་ནམ། གང་ལྟར། ཁོའི་མི་ཚེ་ཕྱེད་ཀ་མ་ཟིན་ཞིག་ཉལ་ཁང་འདི་ནས་རྫོགས་སོང་།
མཚར་སྡུག་འོད་སྟོང་འབར་བའི་ཞོགས་པའི་ཉི་ཟེར་ལ་རོལ་བསམ་ཚེ།རུ་དྲི་འཐུལ་བའི་ཉལ་ས་ནས་ཡར་ལ་ལངས་ཏེ་ཕྱི་རོལ་ལ་བསྐྱོད་དགོས།འདི་ནི་ཉི་མ་སྐྱབས་ནང་སྔ་ལངས་བྱེད་པའི་ཕུགས་ཀྱི་གནད་དང་སྙིང་གི་གཏན་ཚིགས་དེ་མ་ཡིན་ནམ།
སློབ་གྲྭའི་ཁོར་ཡུག་ནི་མཐོ་སྒང་གི་དུད་ཁྲོད་ཅིག་དང་འདྲ་བར་འཇམ་ཐང་ངེ་འདུག།ཡང་ན་བསམ་གཞིགས་ལ་མི་དགའ་བའི་མི་བུ་ཞིག་གི་སེམས་ཀྱི་ལྗོངས་དང་ཀླད་པའི་ངོགས་དང་མཚུངས།མཐོ་དམའ་སྦོམ་ཕྲ་མི་སྙོམས་པའི་ཤིང་སྡོང་དག་ནི་བགྲོས་སོང་ཞིག་ངལ་དུབ་ཀྱི་རྐྱེན་པས་འབོལ་ཁྲིའི་སྟེང་ན་ལྷོད་ཀྱིས་སྡོད་པ་བཞིན་གཡོ་འགུལ་སོགས་ཅི་ཡང་མེད་པར་ནག་ཐོ་རེ་མཆིས།
ཁོས་བསམ་པར་བརྟན་བརླིང་ལ་འབོད་པ་ནི་འདི་ལྟ་བུ་ཞིག་ཡིན་ནམ་སྙམ།བསྐྱར་ཏུ་བརྟན་བརླིང་གི་ཁ་དོག་ཀྱང་ནག་པོ་ཡིན་དགོས་བར་ཞིབ་ཏུ་བསམ་བློ་གཏོང་ཞོར་མགོ་བོ་དགྱེས་ཏེ་གནམ་ལ་ཅེར་བ་ན་།
ནམ་མཁའ་ནི་ད་དུང་སོས་མེད་པའི་ནད་པ་ཞིག་གི་ངོ་གདོང་ལྟར་སྐྱ་མདོག་ལ་ནག་ཤེད་ཆེ་བས། སྔོ་ཞིང་སང་བའི་ནམ་མཁའ་དེ་ཡང་ཁོས་མཐོང་མ་ཐུབ།
སྤྱིར། ནམ་མཁའ་ནི་རྒྱང་རིང་དང་འདྲ་དགོས་མོད། དུས་ཚོད་འདི་ལ་ནམ་མཁའ་ནི་ཐག་ཉེ་དང་འདྲ་ཞིང་ཁོད་རྒྱ་ཡང་དོགས་པར་སྣང་།
དེ་ནས། ཁོས་ཅི་ཞིག་འཚོལ་བཞིན་པ་དང་མཚུངས་བར་བསམ་གཞིགས་ཀྱིས་ཁེངས་བའི་མིག་ཟུང་གིས་ཕྱོགས་བཞི་ལ་རིམ་གྱིས་ལྟོས།
ཁད་ཀྱིས་ཅེར།
གཡས་གཡོན་ན་ཡོད་པའི་འཛིན་ཁང་གི་སྒོ་དང་སྒེའུ་ཁུང་གིས་ཀྱང་སུ་ཞིག་ལ་ངང་སྒུག་བྱེད་པ་ལྟར་མིག་ཆེན་པོ་དང་ཁ་ཆེན་པོས་ཕྱི་རོལ་ལ་ཅེར་རེ་འདུག།
དེ་ནི་དུས་ཚོད་ལ་བཀྲེས་སྐོམ་བྱུང་ཏེ། ཁ་གདིང་མིག་ཅེར་གྱིས་བསྡད་ཡོད་པའི་ངང་ཚུལ་དང་ཨ་ན་མ་ན་རེད།
དེ་ཡིས་ཁོ་ལ་གནས་ལུགས་གཞན་ཞིག་འཆད་བཞིན་ཡོད་དམ། ཡང་ན་བཀྲེས་སྐོམ་གྱིས་མནར་ཏེ་སྨྲེ་ངག་གི་ཉམས་སྣང་སྟོན་གྱིན་ཡོད་དམ།
གལ་ཏེ། དེ་ལྟར་ཡིན་ན། དེ་ལ་དྭངས་བསིལ་གྱི་སྐོམ་ཆུ་ལྡུག་མཁན་དང་ཟས་བཅུད་ཀྱིས་གཏམས་པའི་ཟ་མ་སྟོབ་མཁན་དེ་སུ་ཡིན་ནམ།
ཁོའི་བློ་ངོགས་སུ་འཆར་བ་ནི་སྒེའུ་ཁུང་ཡངས་པོར་དང་སྒོ་ཡང་ཆེན་པས་ཕྱེ་དགོས་བར་སྙམ། འདི་ཁང་པ་འདིའི་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད།
ཁོ་ཡི་སང་ཉིན་གྱི་འཚོ་བ་ལ་ཡང་འབྲེལ་བ་དམ་ཟབ་ཡོད།
མདུན་ལ་སྙེག་པའི་གོམ་སྟབས་ཀྱིས་རྩྭ་ལྗང་སྟེང་ལ་བརྫིས་ཏེ་ཟིལ་བ་གྲང་མོ་ས་ལ་གཏོར་དུས།
རྐང་པ་ནི(བསིལ་ལྷམ་གྱོན་ཡོད་པས)་འཁྱགས་སུབ་བེ་བཏང་ཏེ། ཉི་མ་སྐྱབས་ཀྱི་རྩ་ལམ་གྱི་བུ་ག་རེ་རེ་ལ་མི་ཆེན་སུ་ཞིག་གིས་དུང་མོ་ཆེ་ཞིག་བུད་པ་ལྟར་གཉིད་ཀྱི་ཆ་རྡུལ་ཙམ་ཡང་མེད་པར་གསལ་གྱི་ལེར།
གྲུང་རིག་གེ་བཏང་སོང་། ཁོ་ལ་འདི་ལྟ་བུའི་སེམས་ཚོར་ཅིག་སྐྱེས་མ་མྱོང་བས། མགྱོགས་མྱུར་མར་ལ་སྒུར་ཏེ་ལག་ཟུང་གིས་རྩ་ལྗང་གི་ངོགས་སུ་རག་རག་བྱས་ཏེ་ཟིལ་བ་གྲང་མོ་དེ་བཙལ་འཚོལ་བྱས་མོད།
འོན་ཀྱང་། ད་ལྟ་སྐྱ་རེངས་ཀྱི་རང་མདངས་ཡོངས་སུ་མངོན་མེད་པས། ཟིལ་བ་གྲང་མོ་དེ་གསལ་ཐང་ཐིང་གིས་མཐོང་མཇལ་བྱེད་མ་ཐུབ།
དེ་བས། ཁོས་སྐྱ་རེངས་ལ་སྒུག་སྟེ་ཉི་ཟེར་གྱི་ཕྱོགས་སུ་ལྟོས། ཞོར་དུ་ད་དུང་མྱོང་མེད་པའི་ཚོར་བ་མང་པོ་མང་པོ་ཞིག་ལྷག་ཡོད་པ་དང་དེ་ལ་ད་དུང་མིང་ཡང་མེད་པ་མང་པོ་ཞིག་ཡོད་པར་སྙམ།
རེད་དེ། ཟིལ་བ་ནི་དོན་གྱི་ཅི་ཞིག་ཡིན་ནམ།
ཉི་མ་སྐྱབས་ཀྱིས་འདི་ལྟར་ལྟ་ཞིབ་དང་མྱོང་བ་བྱེད་པ་ནི་ཁོས་རང་གི་སེམས་ངོགས་སུ་ཡེ་གེ་ཡི་ས་བོན་འདེབས་པ་དང་འདྲ།
འདི་ནི་ཕལ་ཆེར་ཁོ་རང་དང་ཕྱི་རོལ་ཡུལ་དངོས་བར་གྱི་གསང་བའི་འབྲེལ་ལམ་ཞིག་ཀྱང་ཡིན་སྲིད།
ཡང་ན། ཁོས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དང་ལམ་ཁ་གཞན་ཞིག་ཀྱང་ཡིན་སྲིད། གསང་བ་འདིས་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད་དམ།
རྒྱུས་ལོན་ལྟར་ན་ཉི་མ་སྐྱབས་ཀྱིས་རང་བྱུང་གི་ཁོར་ཡུག་ནི་བླ་ན་མེད་པའི་དགེ་རྒན་ལ་བརྩི་བཞིན་ཡོད་སྐད།
དེ་ན་དེ་དག་གིས་ཁོ་ལ་ཅི་ཞིག་འཆད་ཡོད་དམ།
མྱོང་བ་བྱེད་ཐུབ་མིན་ནི་སེམས་ཀྱི་ཚོར་སྐྱེན་ཚད་ལ་རག་ལས་པས།
བསམ་གཞིགས་ཀྱི་རྣོ་དབལ་ཡང་མཚམས་འདི་ནས་སྨྲ། ཉི་མ་སྐྱབས་ཀྱིས་འདི་ལྟར་མྱོང་བ་བྱེད་དགོས་དོན་ཡང་།
རང་ཉིད་ཀྱི་ཕུགས་བསམ་ཞིག་གི་ཆེད་དུ་ཡིན། འོ་ན་ཉི་མ་སྐྱབས་ཀྱི་ཕུགས་བསམ་ནི་ཅི་ཞིག་ཡིན་ནམ།
ད་ལྟ་གསེར་ལྟ་བུའི་ཞོགས་པའི་ཉི་ཟེར་ཤིང་སྡོང་གི་རྩེ་ལ་འཕྲོས།
འདི་ནི་བྱམས་དང་བརྩེ་བས་ཕྱུག་པའི་ཡུམ་ཆེན་ཞིག་གིས་གཅེས་སུ་འོས་བའི་རང་ཉིད་ཀྱི་བྱིས་པ་ཡི་གཉོམ་དུང་དུང་གི་མགོ་བོ་ལ་ལྷོད་ཅིང་བརྩེ་བས་བྱིལ་བྱིལ་བྱེད་པ་དང་འདྲ་བར་ཆེས་ཡིད་དུ་འོང་བ་ཞིག་རེད་ཨང་།
ཁོས་བསམ་པར་ལྗང་ནེམ་ནེམ་གྱིས་ལོ་མའི་ངོགས་སུ་གསེར་མདོག་གི་ཉི་ཟེར་འཕྲོ་བ་ནི་དྭངས་གཙང་གི་སེམས་ངོགས་སུ་མཛེས་སྡུག་གི་བསམ་བློས་སྤྲོས་བ་ལྟར་ཇི་འདྲའི་བག་ཕེབས་ཤིང་ཞི་འཇགས་ཤིག་ཏུ་འདོད།
ཡང་གལ་ཏེ། སྙིང་དུ་སྡུག་པའི་ལོ་མ་དེ་དག་སུ་ཞིག་གི་མཛའ་མོ་དེ་ཡིན་རྒྱུ་ན། ཉི་མའི་འོད་ཟེར་འདིའི་མཛའ་བོ་དང་ཞོགས་པ་ནི་ཁོ་གཉིས་འཛོམས་དུས།
ལོ་མའི་རང་མདངས་འདི་བརྕེ་བའི་འཛུམ་མདངས། སྡོང་བའི་གཞུང་རྐང་འདི་ཁོ་གཉིས་ཀྱི་དམ་བཅའ་ཡིན་པར་འདོད།
བཀོད་པ་འདིས་ཉི་མ་སྐྱབས་ཀྱི་སེམས་པ་ཅིག་ཅར་ཏུ་འཕྲོགས་ཏེ། མིའི་རིགས་ཀྱི་མཐར་གཏུགས་ཀྱི་སེམས་པ་གླེན་ས་དང་དམིགས་འདུན་སྙེག་ས་དེ་ཡང་བཀོད་པ་འདིས་མཚོན་གྱིན་མེད་དམ་སྙམ།
མ་གཞི་ཁོ་རང་གིས་བརྩེ་བ་གླེང་དུས་གཏིང་ཟབ་པོ་ཞིག་དང་ཁམས་དྭངས་མ་ཞིག་ལ་ལག་སྙོབ་བྱེད་ཀྱིན་འདུག།
གང་ལྟར། ཉི་ཟེར་དང་ལོ་མས་ཁོ་ལ་གསང་གཏམ་མང་པོ་ཞིག་བཤད་ཡོད་ངེས།
སྐབས་དེར། བསིལ་རླུང་ཞིག་ཀྱང་ལྷོད་ཀྱིན་ལྡིང་གིན་འདུག།
རླུང་བུ་ལྡིང་བ་ནི་ཆེས་གསང་བ་ཞིག་རེད།ཡིན་ན་ཡང་།ལོ་མ་དང་ཡལ་ག། འདབ་མ། མེ་ཏོག། རྩ་ལྗང་སོགས་ཀྱིས་དེ་ཡི་གསང་བ་བརྟོལ་ཡོང་།
དེ་ཡང་ལོ་མ་གཡོ་བ་དང་ཡལ་ག་ཡོམ་པ།མེ་ཏོག་འདར་བ། རྩ་ལྗང་འགུ་བ་སོགས་ཀྱིས་རླུང་བུ་ལྡིང་བའི་སྐད་བརྡ་སྟོན་གྱིན་ཡོད།
འདི་དག་ནི་མེ་ལོང་ལྟ་བུའི་ཇི་འདྲའི་གཞུང་དྲང་ཞིང་ཁམས་གཙང་མ་དག་དག་རེད་ཨང་། སེར་ཡུག་ཡུག་གི་ཉི་ཟེར་གྱི་ཀློང་ན་སྔོ་ལྗང་ལྗང་གི་ལོ་མའི་ཚོགས་རླུང་བུའི་ལྡིང་སྟབས་ལ་བསྡོངས་ཏེ་ཕར་གཡོ་དང་ཚུར་འགུལ་གྱིས་ཞི་བདེ་བྲོ་གར་འཁྲབ་ཀྱིན།
ཤག་ཤག་གཡོ་བ་ཡིས་མཉམ་སྒྲོག་རོལ་མོ་དཀྲོལ་བཞིན་མཆིས་བས། ཉི་མ་སྐྱབས་ཀྱི་སེམས་ལ་འདི་ནི་སྙན་ངག་པའི་ཡིག་འབྲི་ཡི་གསེང་གསེང་ཞིག་ལ་འཚང་ནས་ཡོད་པའི་མཛེས་སྡུག་གི་རྣམ་ཤེས་རེ་རེ་དེ་ཡིན་ནམ་སྙམ།མཚམས་དེར།
ཁོའི་སྣང་བ་ལ་ཁོ་རང་ཆེས་དག་གཙང་གི་གླུ་གར་གྱི་ཞིང་ཁམས་ཤིག་ལ་སླེབས་ཡོད་པའི་ཉམས་སྣང་འཆར།གློ་བུར་ཏུ་ཁོས་མགོ་བོ་ས་ལ་སྨད་དེ་དབུགས་རིང་ཞིག་འབྱིན།
ཁ་སང་དེ་རིང་གི་གསར་འགྱུར་དག་ནི་ཇི་འདྲའི་རྫོབ་བ་ཨང་།
ཡེ་གེ་འབྲི་བཞིན་འབྲི་བཞིན་ཇེ་ཡག་དང་ཇེ་ཡག།ཉི་མ་ཤར་གྱིན་ཤར་གྱིན་ཇེ་གསལ་ནས་ཇེ་གསལ།
དེ་བས། མཐོང་ལ་རྔམ་པའི་ནམ་མཁའི་རང་མདངས་དང་རྒྱ་ཁྱོན་སོགས་མིག་ལམ་དུ་ཤར་རེ་མངོན་ཡོང་།
དེ་རིང་གི་ནམ་མཁའ་ནི་ཤེས་རྒྱ་ཅན་གྱི་ཕོ་གསར་ཅིག་གི་བྱང་ཁོག་དང་འདྲ་བར་སྔོ་ཤིང་དྭངས་ལ་ཡངས་ཤིང་རྒྱ་ཆེ།
ཉི་མ་སྐྱབས་ལ་ནམ་མཁར་བལྟ་རྒྱུ་དགའ་བའི་གོམས་གཤིས་ཤིག་ཡོད་པས། ཁོས་མགོ་བོ་གནམ་ལ་དགྱེས་ཏེ་ནམ་མཁར་ཅེར་ནས་ཡུད་ཙམ་ཞིག་འགོར་བ་ན།
ཁོའི་ཡིད་ལ་མང་པོ་མང་པོ་ཞིག་དྲན་ནས་དྲན་ནས་སླེབས་སོང་། དང་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སེམས་ཅན་ཀུན་ལ་དམིགས་པའི་ཡིད་འོང་གི་བྱམས་པ་དང་བརྩེ་བའི་སྙིང་རྗེ་ཡི་རྒྱ་ཆེ་ཁོད་ཡངས་ཀྱི་ཐུགས་རྗེ་དེ་ཡིད་ལ་དྲན།
གཉིས་པ། སྐུ་ཚེ་ཧྲིལ་བོ་རིག་པ་ལ་བསྟིམས་པའི་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱི་“གསར་དང་མཚུངས་བའི་རྣམ་དཔྱོད་དེ་”ཡིད་ལ་ཤར། གསུམ་པ།“ང་ཁྱོད་ཀྱིས་བཏོན་པའི་བསམ་ཚུལ་ལ་མོས་མཐུན་མེད་ཀྱང་རུང་།ཁྱོད་ཀྱི་བསམ་ཚུལ་འདོན་པའི་རང་དབང་དེ་ལ་ང་རང་གི་གཅེས་བའི་སྲོག་གིས་ཀྱང་སྲུང་སྐྱོབ་བྱེད་ངེས་ཡིན།”ཞེས་བའི་འབེལ་གཏམ་དེ་བློ་ལ་འཁོར། བཞི་བ། མཐའ་ཡས་བའི་རྒྱ་མཚོ་དང་འབྱམས་སུ་ཀླས་བའི་རྩྭ་ཐང་དེ་སེམས་ལ་འཆར།
ལྔ་བ། གུ་ཡངས་དང་སྒམ་དཀྱེལ་དྲན། དྲུག་པ། རྒྱ་ཁྱོན་དང་ཤོང་ཚད་དྲན། བདུན་པ། རང་དབང་དང་མང་གཙོ་དྲན།
བརྒྱད་པ། ཕ་ཡུལ་དྲན། དགུ་བ། ཨ་མ་དྲན། བཅུ་བ།་་་་བར་སྐབས་འདིར།ཏག་ཏག་གི་བར་སྐབས་འདིར་ཞོགས་པའི་ཉི་ཟེར་ཉི་མ་སྐྱབས་ཀྱི་་ངོ་གདོང་ལ་ཐད་ཀར་ཕོག་སྟེ།དྲན་པའི་ཟབ་ས་དེ་ནས་ཁོ་རང་ཕྱི་ལ་དྲངས།ཁོས་དལ་གྱིས་མགོ་བོ་གཞོགས་སུ་འཁོར་ཏེ་ལྟོས་བ་ན།ཉི་ཟེར་ནི་མཛེས་མ་ཞིག་སྐྱེངས་བའི་ཚུལ་གྱིས་ལོ་འདབ་དང་ཡལ་གའི་གསེང་ནས་ས་ལ་འཕྲོས་ཙམ་འཕྲོས་ཙམ་བྱས་ཏེ།རྩྭ་ལྗང་སྟེང་གི་ཟིལ་བ་ལ་སྙིང་གཏམ་བརྗོད་ཀྱིན་འདུག་ལ།
ཟིལ་བ་ནི་སྤྲོས་བས་མྱོས་ཏེ་དཀར་འོད་འོད་ཀྱི་མིག་ཟུང་འོད་ཁྲུག་ཁྲུག་དང་འོད་ཁྲུག་ཁྲུག་བྱེད་ཀྱིན་གདའ་།
དེ་བས། ཁོ་རང་མགྱོགས་སྟབས་ཀྱིས་མར་ལ་སྒུར་ཏེ་ཟིལ་བ་ལ་མིག་གིས་ཅེར་ཏེ་སེམས་ཀྱིས་རག།
དེ་ཁོ་རང་གི་འཚོལ་སྙེག་དེ་ཡིན་ནམ།
དེ་ནས།ཟིལ་བ་ནི་དོན་གྱི་ཅི་ཞིག་རེད།
རྩ་ལྗང་དང་ལོ་འདབ །མེ་ཏོག་གི་འདབ་མའི་ངོགས་སུ་ཟིལ་བ་ནི་གསར་མདོག་གི་ཉི་ཟེར་གྱི་ཁྲོད་ན་འོད་ཁྲུག་ཁྲུག་བྱེད་ཀྱིན་འདུག།
ཟིལ་བ་ནི་འོད་དུ་འཚེར་བའི་མུ་ཏིག་གི་རྡོག་པོ་རེ་རེ་དེ་ཡིན་ནམ། ཟིལ་བ་ནི་ནག་ནོག་དྲི་མས་མ་གོས་བའི་སྙིང་གཏམ་རླབས་ཀྱི་ཟེགས་མ་དེ་ཡིན་ནམ།
ཡང་ན། ཟིལ་བ་ནི་སུ་ཞིག་གི་བརྩེ་བའི་ཉིང་ཁུ་ལ་གྱུར་བའི་གདུང་བའི་མིག་ཆུ་དྭངས་མོ་དེ་ཡིན་ནམ།ཡང་ན།ཟིལ་བ་ནི་བྱིས་པ་ལོ་ཆུང་ཞིག་གི་གཡའ་དག་ཅིང་ཁྲ་རིག་རིག་གི་མིག་ཟུང་དེ་ཡིན་ནམ།གང་ལྟར།ཟིལ་བ་ནི་ཤམ་པའི་ལག་གི་རལ་གྲི་དེ་མ་རེད་ལ།
དམག་དཔུང་ལག་གི་མེ་མདའ་དེ་ཡང་མ་རེད། ད་དུང་། དུ་ཁུང་ནས་ལྷོག་ལྷོག་ཏུ་གྱེན་ལ་འཕྱུར་བཞིན་པའི་དུ་ལོང་ནག་པོ་དེ་ཡང་མ་རེད།
མདོར་ན། ཉོན་མོངས་ཀྱི་དྲི་མས་སྦགས་ཤིང་ཀུན་རྫོབ་པའི་སེམས་པ་དེ་ཡང་མ་ཡིན་ནོ།
འོ་ན་ཟིལ་བ་ནི་ཅི་ཞིག་ཡིན་ནམ་ཞེ་ན།
ཉི་མ་སྐྱབས་ཀྱིས་དེ་ཡི་ཕྱོགས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། ཟིལ་བ་ནི་ནམ་གུང་མཚན་སྨག་གི་ཁྲོད་ན་མེད་ལ།
ཉིན་གུང་ཚ་གདུང་གི་ཀློང་ན་ཡང་མེད།ཟིལ་བ་ནི་ཏག་ཏག་སྟོན་མཇུག་གི་ཞོགས་པའམ་མཚར་སྡུག་ལྡན་པའི་འཆར་ཀའི་ཉི་ཟེར་དང་དྲི་མེད་གཡའ་དག་གི་མཁའ་དབུགས་ཀྱི་མཛེས་བ་མངོན་དུས།
རྩྭ་ལྗང་དང་མེ་ཏོག། ལོ་འདབས་སོགས་ཀྱི་སྟེང་ནས་མཛེས་མ་སུ་ཞིག་གི་བཞིན་རས་ཀྱི་འཛུམ་འདངས་ལྟར་མངོན་ཡོང་གིན་ཡོད།འདི་ནི་་ཟིལ་བ་བལྟམས་པའི་ཡུལ་དུས་ཁྱད་པར་ཅན་དེ་རེད།
ཡང་ན་ཟིལ་བ་ནི་འཆར་ཀའི་ཉི་ཟེར་དང་མཁའ་དབུགས་མཉམ་སྡེབ་ཀྱིས་གྲུབ་པའི་ཆེས་དྭངས་གཙང་དང་ཆེས་ཡིད་འོང་གི་རང་བྱུང་ཁམས་མའི་མཛེས་ཆ་ཞིག་ཀྱང་རེད་ཟེར་ན་ཆོག།
ཉི་མ་སྐྱབས་ཀྱིས་ལྗང་ནེམ་ནེམ་གྱི་ལོ་མའི་ངོགས་སུ་“ཨ་ཤོ་བ་ར”་ཡི་མིག་ཟུང་ལྟ་བུའི་གཡའ་དག་དྭངས་གསལ་གྱི་ཟིལ་བ་དེར་གཟབ་ནན་གྱིས་ལྟོས་བ་ན།
ཟིལ་བ་དེ་ནི་གཡའ་དག་པའི་མེ་ལོང་ཞིག་དང་འདྲ་བར་ཁོ་རང་གི་ངོ་གདོང་གང་ཚང་གསལ་བོར་མཐོང་།
ད་དུང་། དེ་རུ་མུ་ནས་རིམ་གྱིས་ཁོ་རང་གི་འདས་མ་དགསུམ་གྱི་སྣང་བརྙན་རེ་རེ་ཡང་བཅོ་ལྔའི་ཟླ་བ་ཤར་ཤར་དང་ཞོགས་པའི་ཉི་མ་གསལ་གསལ་ལྟར་གསལ་གྱི་ལེར་མངོན་ཡོང་།
ཟིལ་བ་རྡོག་པོ་དེས་བསྟན་ན། ཉི་མ་སྐྱབས་ཁོ་རང་མེ་ཏོག་གི་ཟེའུ་འབྲུ་ནས་སྐྱེས་ཤིང་། གླུ་དབྱངས་ཀྱི་འགྱུར་ཁུག་ནས་འཚར་བ།
ཉི་ཟེར་གྱི་པང་ཁུག་ནས་འཚོ་བའི་གསང་གཏམ་བཤད། ད་དུང་། ཟིལ་བ་རྡོག་པོ་དེ་ཡིས་ཁོའི་ཅི་ཞིག་རྟོགས་འདོད་ཀྱི་མིག་ཟུང་ལ་འདི་ལྟར་བཤད།
“ང་རང་ནི་དྭངས་གཙང་ཀུན་གྱི་ཉིང་ཁུ་ཡིན།འདིའི་མ་བུ་གཉིས་ཀྱི་བརྩེ་བ་ང་ཡིས་མཚོན།འདིའི་ཕོ་མོ་ཟུང་གི་བརྩེ་དུང་ང་ཡིས་མཚོན།འདིའི་དགེ་སློབ་རྣམས་ཀྱི་བརྩེ་འདང་ང་ཡིས་མཚོན།ང་ནི་དྭངས་གཙང་ཀུན་གྱི་མཚོན་དོན་ཡིན”ཞེས་འཇམ་སོབ་སོབ་ཀྱི་གླུ་བྱངས་ལྟ་བུའི་སྙིང་གཏམ་འདི་ཉི་མ་སྐྱབས་ཀྱི་རྣ་བུའི་བུ་གའི་གཏིང་ཟབ་ས་ཟབ་ས་ཞིག་ནས་བྱ་རྒོད་ལྟར་ཡང་ཡང་དང་ཡང་ཡང་འཁོར་བཞིན།ཁོ་ཡི་སེམས་ལ་ཁོད་སྙོམས་རྒྱ་ཡངས་ཀྱི་རྒྱང་རྒྱང་ཞིག་ལ་སྲེང་ཡོད་པའི་ལམ་ཆེན་ཞིག་གསལ་ལྷང་ངེར་ཤར།ལམ་ཆེན་དེ་ཁོའི་ཕུགས་བསམ་འཚོལ་སྙེག་གི་ལམ་ཡིག་དེ་ཡིན་ནམ།ཡང་ན་གཞན་ཅི་ཞིག།
ཁྱོད་ཀྱིས་གླུ་དབྱངས་ཀྱི་ལམ་སྟོན་ལ་ཇི་ལྟར་ཉན་གྱིན་ཡོད་དམ།
སྐབས་ཐོག་དེར། ཉི་མ་སྐྱབས་ཀྱི་མདུན་ནས་ནགས་བྱི་ཞིག་རྩྭ་ལྗང་གི་གསེང་ནས་རྒྱུག་ཐེངས་གཅིག་གིས་ཁོའི་རྒྱབ་ན་ཡོད་པའི་ཤིང་སྡོང་དེ་ཡི་སྟེང་ལ་འཛེགས་ཏེ།
མཚམས་ཤིག་ནས་རྒྱུགས་མཚན་བཞག་སྟེ་གཉའ་སྒང་སྒང་དང་མིག་རིག་རིག་གིས་ཕྱི་ལ་འཁོར་ཏེ་ཁོ་ལ་ཅེར་ནས་བསྡད།
ངང་ཚུལ་འདི་ནི་ཨ་ན་མ་ན་ལམ་ཁྲིད་ཅིག་གི་བཟོ་ལྟ་དང་འདྲ་བར་ཉི་མ་སྐྱབས་ལ་ངང་སྒུག་དང་དྲན་སྐུལ་གཞན་ཞིག་གཏོང་བཞིན་ཡོད་ཚོད་འདུག།
འདི་ལྟར་ནགས་བྱི་འདིས་དྭངས་གཙང་གི་ཟིལ་བ་དང་ཉི་མ་སྐྱབས་གཉིས་ཀྱི་སྙིང་གཏམ་བརྗོད་པའི་མོལ་ལ་བར་ཆད་བྱས་ཏེ།
ཉི་མ་སྐྱབས་ཀྱི་མིག་གི་མདའ་མོ་དང་ཡིད་ཀྱི་དང་བ་ཅིག་ཅར་ཏུ་འཕྲོགས།
ཉི་མ་སྐྱབས་ཀྱིས་ཟིལ་བ་དྭངས་མོའི་སྙིང་གཏམ་དག་མོ་བློ་ཡི་ཕུགས་ཕུགས་ཤིག་ལ་མནན་མནན་བཅགས་བཅགས་ཤིག་བྱེད་ཞོར།
མགོ་བོ་དགྱེས་ཏེ་གནམ་ལ་ཟུག་ཡོད་པའི་ཤིང་སྡོང་དེའི་སྟེང་གི་ནགས་བྱི་དེ་ལ་ཟིལ་བ་ལྟ་བུའི་དྭངས་མས་ཁེངས་བའི་མིག་ཟུང་གིས་བརྩེ་བས་ཅེར།
ནགས་བྱི་དེ་ལོ་མ་དང་ལོ་མ། ཡལ་ག་དང་ཡལ་ག་བརྒྱུད་དེ་ཁ་ཕྱི་ལ་འཁོར་བཞིན་འཁོར་བཞིན་ཤིང་སྡོང་དེ་ཡི་རྩེ་མོ་ཡང་རྩེ་ལ་འཛེགས་སོང་།
ཉི་མ་སྐྱབས་ཀྱིས་བསམ་པར་ནགས་བྱི་འདིས་ཁོ་ལ་“ཡང་རྩེ”སྟོན་གྱིན་ཡོད་པར་འདོད། དེ་ནས་ཁོས་ཡང་རྩེ་ནི་འགྲུལ་བཞུད་པའི་མཐར་ཐུག་དེ་ཡིན་ནམ་སྙམ།
ཡང་ན། ཡང་རྩེ་ནི་བརྒྱུད་རིམ་མཐའ་དག་གི་འབྲས་བུ་དང་སྐྱེ་འགྲོ་ཀུན་གྱི་སྙེག་ས་དེ་ཡིན་ནམ་སྙམ།
ད་དུང་། ནགས་བྱི་དེས་ཤིང་སྡོང་གི་ཡང་རྩེ་ན་“དུང་སྒྲ”ལྟ་བུའི་རང་སྐད་འབྱིན་པ་དེས། ཉི་མ་སྐྱབས་ཀྱི་སེམས་པ་དེ་རི་བོ་དང་ཀ་བ་ལྟར་ཡར་ལ་བསླངས།
ཤིང་སྡོང་གི་ཡང་རྩེ་ན་ད་དུང་ཡང་རྩེ་གཞན་ཡོད་དམ།
ཉི་མ་སྐྱབས་ཀྱིས་སྡོང་རྩ་ནས་སྡོང་རྩེ་ལ་འདི་ལྟར་ལྟ་དུས།ད་དུང་བགྲོད་བྱའི་ལམ་ཐག་རིང་བ་ཞིག་ལྷག་ཡོད་པའི་མེ་ལྟ་བུའི་སེམས་ཚོར་ཅིག་ཁོའི་སེམས་རྩ་ཀུན་ཏུ་གློག་ལྟར་འཁྱུགས།འོད་ལྟར་མཆེད།ལམ་ཐག་དེ་ཡང་ལམ་མེད་པའི་ལམ་ཐག་ཅིག་ཡིན་ཚོད་འདུག།ད་དུང་ཤིང་སྡོང་དགུང་ལ་ཇི་ལྟར་ཟུག་པའི་དཀའ་ཚེགས་ཀྱི་ལོ་རྒྱུས་རྣམས་ཀྱང་ཁོའི་སེམས་སུ་ཁ་བ་ལྟར་ལྷོད་ཀྱིས་བབས།།
ཤིང་སྡོང་ནི་དགུང་ལ་ཇི་ལྟར་ཟུག་པ་ཡིན་ནམ། ཁྱོད་ཀྱིས་ཨེ་ཤེས་ལགས།
ཅུང་མ་འགོར་བར། ནགས་བྱི་དེ་ནགས་བྱི་གཞན་ཞིག་དང་འགྲོགས་ཏེ།
ཤིང་སྡོང་དེའི་སྐེད་པར་མཇུག་མ་གྱེན་ལ་ཀེར་ཀེར་གྱིས་མཆོང་མ་ལྡིང་དང་རྒྱུགས་མ་དལ་གྱིས་སླེབས་ཏེ།
ཡང་བསྐྱར། མི་ཞིག་གི་ལག་པ་འཕྲད་དུ་སྲེང་བ་ལྟ་བུའི་ཡལ་ག་དེའི་སྟེང་ནས་ནགས་བྱི་དེ་གཉིས་མཉམ་གཤིབ་མཉམ་འདུག་གིས་ཁོ་ལ་ཅེར་ཞོར་མཇུག་མ་གྱེན་ལ་གཡོ་གཡོ་ཡིས་འདུག།
ཡང་གློ་བུར་ཏུ་དེ་གཉིས་ཡར་འཛེགས་མར་མཆོངས་ཀྱིས་ཕན་ཚུན་བདའ་མ་བདའ་རེས་བྱས་ཏེ། རྩེད་འཇོ་ཡི་དཔལ་ལ་རོལ།
དེ་གཉིས་ལ་མི་ལྟ་བུའི་གདོང་ན་མེ་ཏོག་བཞད་བཞད་ཀྱི་འཛུམ་མདངས་མཚར་བོ་དེ་མེད་ན་ཡང་། རྩེད་འཇོ་བྱེད་པའི་ངང་ཚུལ་འདི་ལས་མཛུམས་མདངས་ལས་ལྷག་པའི་མཛེས་བ་ཞིག་དང་བདེན་པ་ཞིག་མཐོང་སོང་བས།
ཉི་མ་སྐྱབས་ཀྱིས་ཞི་བདེ་དང་བདེ་སྐྱིད་ལ་བསམ་གཞིགས་བྱས། བདེ་སྐྱིད་ནི་སྐྱེ་འགྲོ་ཀུན་གྱི་འདོད་དོན་ཡིན།
འོ་ན། བདེ་སྐྱིད་ནི་ཇི་ལྟར་འཐོབ་ཐུབ་པ་ཞིག་རེད་དམ།
བག་ཕེབས། ཞི་བདེ། ཉམས་དགའ་ཡི་སྣང་བརྙན་འདིས།
ཉི་མ་སྐྱབས་ཀྱི་སེམས་ངོགས་ལ་ཕྱི་དར་དང་དག་ཐར་བྱས་སོང་། སྣང་བརྙན་འདི་འཚོ་བ་ཞིག་ཡིན་པས།དེ་ན་གྲལ་རྒྱགས་ཀྱིས་རྐང་བརྐྱངས་ལག་བརྐྱངས་དང་།
ཕྲག་དོག་གིས་ཁ་གསག་སྣ་གཉེར། འཁྲུག་རྩོད་ཀྱིས་ཁྱོ་ཤི་ང་གསོན། མདོར་ན་ཉོན་མོངས་ཀྱིས་ཀུན་ནས་བསླངས་བའི་བཅའ་སྟངས་ལས་སྟངས་ཅི་ཡང་མི་གདའ་ན།
འདི་ཡིས་མིའི་རིགས་ལ་འཚོ་བའི་ལམ་སྟོན་གཞན་ཞིག་བྱེད་ཀྱིན་པ་དང་འདྲ།འདི་ནི་ཉི་མ་སྐྱབས་ཀྱི་ཕུགས་བསམ་དེ་ཡིན་ནམ།
ནགས་བྱི་ཡིས་གནང་བའི་བསླབ་བྱ་དེ་ཡིན་ནམ། གང་ལྟར། བདེ་སྐྱིད་ནི་ཐོག་མར་ནང་སེམས་ནས་མགོ་རྩོམ་དགོས་པ་འདྲ།
ཉི་མ་སྐྱབས་ཀྱིས་འདི་ལྟར་མྱོང་བ་བྱེད་པ་ཡང་གཏུགས་ས་ལ་གཏུགས་ན་བདེ་སྐྱིད་ཀྱི་དོན་རེད།
ཁོས་ནགས་བྱི་དང་ནགས་བྱི་འདྲ་བ་ཚོའི་འཚོ་བ་ཇི་ལྟར་རོལ་གྱིན་ཡོད་མེད་ལ་བསྐྱར་ཏུ་བསམ་བློ་ཞིག་བཏང་།
ཁོའི་སེམས་ལ་ནགས་བྱི་ལ་ནགས་བྱི་ཡི་ཆོས་ལུགས་ཤིག་དང་རིག་གནས་ཤིག་ཡོད་དམ། ཡང་ན། ཁོ་ཚོའི་ལ་མི་ལྟ་བུའི་བསམ་བློ་དང་སྐད་ཆ་ཞིག་ཡོད་དམ།
དེ་ནི་ཞོགས་པའི་ཟིལ་བ་ལྟ་བུ་ཞིག་ཡིན་ནམ། ཡང་ན། དགུང་ཁའི་ལུང་ཆུ་ལྟ་བུ་ཞིག་ཡིན་ནམ་སྙམ་པའི་ཚམ་ཚོམ་བློ་ཡི་ནམ་མཁའ་ལ་བསམ་ཚོད་གྲངས་མེད་ཞིག་འཕྲལ་དུ་སྐར་ཚོགས་བཞིན་ཤར།
གང་ལྟར། རྩ་གསེང་སྡོང་གསེང་ན་དགའ་བདེ་ཡི་རྩེད་འཇོ་ལ་རོལ་བཞིན་པའི་ནགས་བྱི་དག་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
ཁོ་ཚོ་ལ་སྡུག་བསྔལ་མེད་པ་ཡིན་ནམ། ཡང་ན་རིག་གནས་མེད་པ་ཡིན། མི་ལ་སྡུག་བསྔལ་ཡོད་དོན་ཅི།མི་མ་གཞི་ནས་བྲན་གཡོག་ཅིག་ཡིན་ནམ།
སྐབས་དེར་ཉི་མ་སྐྱབས་ཀྱི་ཟས་གཙང་གི་བུ་གཞོན་ནུ་དོན་གྲུབ་ཇི་ལྟར་སངས་རྒྱས་མིན་ལ་ཕྲ་ཞིབ་དང་ཟབ་རྒྱས་ཀྱི་སྒོ་ནས་བསམ་གཞིགས་བྱས།
ཁོས་ཕལ་ཆེར་གནས་ལུགས་གཞན་ཞིག་རྙེད་ཡོད་པ་འདྲ། རང་དབང་ནི་ཅི་ཞིག་ཡིན་ནམ།
ཉི་མ་སྐྱབས་ཀྱིས་དེ་ལྟར་བསམ་གཞིགས་མུ་ནས་བྱེད་བཞིན་པའི་སྐབས་སུ།
མཇམ་མཉེན་གྱི་བརྩེ་བ་དང་མཛའ་མོ་ཡི་ལག་ཟུང་དང་འདྲ་བའི་ལྗང་མདོག་གི་ལོ་མ་ཆུང་ཆུང་ཞིག་ཁོད་ཡངས་བའི་ཁོའི་ཕྲག་པར་ལྷོད་ཀྱིས་ཟགས་པའི་ཐག་སྒྲས་ཁོ་རང་བསམ་གཞིགས་ཀྱི་དབྱིངས་རིམ་ལས་ཕྱིར་ལ་དྲངས།
ཁོས་ལྷོད་ཀྱིས་མགོ་བོ་གཞོགས་སུ་གཡོན་ཏེ་ཕྲག་སྟེང་གི་ལོ་མ་ཆུང་ཆུང་དེ་ལག་མཐིལ་ལ་བླངས་ཤིང་།
འདི་གང་ནས་ཟགས་ཡོང་བ་སྙམ་ནས་མགོ་བོ་དགྱེས་ནས་གནམ་ལ་ལྟོས་བ་ན། མ་གཞི་ནས་ལོ་མ་ཆུང་ཆུང་དེ་ནི་སྡོང་མགོའི་བྱིའུ་ཚོགས་ཀྱི་ཁོ་ལ་ཕུལ་བའི་ཆེས་མཛེས་སྡུག་གི་ལེགས་སྐྱེས་ཤིག་རེད།
འོ་ན་ལོ་མ་ནི་ཅི་ཞིག་ཡིན་ནམ།
སྡོང་མགོ་ན་བྱིའུ་ཚོགས་ཀྱིས་ལོ་གསར་ལྟ་བའི་གླུ་གར་གྱི་དགའ་སྟོན་ལ་རོལ་གྱོན་འདུག།
རྣ་དབང་གི་ཟས་སུ་གྱུར་བའི་གྲེ་འགྱུར་སྙན་མོ་དང་། མིག་དབང་གི་མཛེས་སྡུག་ལ་གྱུར་བའི་རང་དབང་གི་གཤོག་འགྱུར།
སེམས་པའི་རོལ་བ་ལ་གྱུར་བའི་“ལྗོན་གསེང་གི་འཚོ་བ”་འདིས། ཉི་མ་སྐྱབས་རེ་ཞིག་གླུ་དབྱངས་དང་བྲོ་གར་གྱི་ཁམས་ལ་བསྟིམས།
ཁོས་མིག་ཟུང་བཙུམ་ནས་སེམས་པ་ལྷོད་དུ་བཞག་པ་ན། བྱིའུ་ཡི་སྙན་པའི་གྲེ་འགྱུར་ལས་ད་དུང་སྒྲ་མང་པོ་ཞིག་ཁོའི་རྣ་བའི་བུ་གར་ཞི་འཇགས་ཀྱིས་འཛུལ་ཡོང་།
དཔེར་ན། ཐག་རིང་ན་གྲགས་ཀྱིན་པའི་མེ་འཁོར་གྱི་དུང་སྒྲ་དང་ལྷ་ཁང་ན་དབྱངས་སུ་གྱེར་བཞིན་པའི་ཆོས་ཀྱི་དབྱངས་རྟ།
ལམ་ན་འགྲོ་བཞིན་པའི་རླངས་འཁོར་གྱི་དུང་སྒྲ། སྒོ་ཚུར་ཕྱེ་ཕར་གཏན་གྱི་ཅོ་སྒྲ། མཁྲིས་ཀྱི་ཆུ་སྦུག་གི་ནང་ན་ལྷོད་ཀྱིས་ས་ལ་ཐིགས་བཞིན་པའི་ཆུ་ཐིགས་ཀྱི་ཐག་སྒྲ།
ལོ་མ་རླུང་གིས་གཡོ་བའི་ཤག་སྒྲ་སོགས་ཁོས་དལ་འཇགས་འཇགས་དང་གཉོམ་དུང་དུང་གིས་ཐོས་བྱུང་བས།
ཁོའི་སེམས་པ་རང་བཞིན་གྱིས་ལྷོད་ལ་བབས་ཏེ་འཇགས་སུ་གྱུར། འདི་ནི་སུས་ཀྱང་མི་མཐོང་བའི་ཆེས་མཛེས་སྡུག་གི་ལོངས་སྤྱོད་ཞིག་རེད།
མཛེས་བ་འདི་ཡི་ཕྱིར་ཏུ་སེམས་པ་གྲངས་མེད་ཞིག་གིས་ངལ་བ་བརྒྱ་ཕྲག་ཁུར་ཏུ་བཞེས་མྱོང་ཡོད་པ་རེད་ཨང་།
གླུ་དབྱངས་ཁྲོད་ཀྱི་ལྷིང་འཇགས་ནི་འདི་ལྟ་བུ་ཞིག་ཡིན་ནམ།
ཁོས་བསམ་པར་“ལོ་མའི་ཁམས་”སུ་གནས་བའི་སྐྱེ་འགྲོ་ཀུན་ནི་“དག་ཞིང་”དུ་གནས་ཡོད་པར་སྙམ། གཏན་ཚིགས་ནི་ཁོས་དེ་གའི་སྐྱེ་འགྲོ་ཡོངས་རང་དབང་(ཕྱིའི་ཁོར་ཡུག་གི་རང་དབང་དང་ནང་བསམ་བློའི་རང་དབང)དང་གུ་ཡངས་ཀྱི་སྒོ་ནས་འཚོ་བཞིན་ཡོད་པར་འདོད་པས་རེད། རང་དབང་དང་གུ་ཡངས་གཉིས་མང་གཙོ་ཡི་རྒྱལ་ཁབ་ན་མི་འདུག་གམ་ཞེ་ན།
དང་པོ་ཁྱོད་རང་ཉིད་“མང་གཙོ་ཅན”་གྱི་མི་བུ་ཞིག་ཡིན་ནམ། དྲི་བ་འདིས་ཉི་མ་སྐྱབས་ལ་བསམ་བློ་མང་པོ་ཞིག་གཏོང་དུ་བཅུག་སོང་།
ཅི་ཕྱིར་ཡིན་ནམ།ཁྱོད་ཀྱིས་ཨེ་ཤེས་སམ།
ཉི་མ་སྐྱབས་ཀྱིས་ད་དུང་ལོ་མ་ནི་ཅི་ཞིག་ཡིན་པ་ཤེས་ཀྱིན་མེད།
ཡིན་ན་ཡང་། ཉི་མ་སྐྱབས་ཀྱི་མིག་ནང་དུ་ལོ་མ་ནི་ལོ་མ་ཙམ་ཞིག་མ་རེད། གང་ལྟར། ཁོས་ལོ་མ་ལས་ཀྱང་ཅི་ཞིག་སྦྱངས་འདོད་ཀྱི་ངར་སེམས་དེ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག།
ཆུ་ཁོལ་ལྟར་ལྡུད་བཞིན་འདུག། མེ་རི་ལྟར་འཕྱུར་བཞིན་འདུག། དེ་བས། ཁོའི་བསམ་བློ་ལོ་མའི་ཕྱོགས་ལ་འཁོར་ཏེ་ “ལོ་མའི་གཏན་ཚིགས”་ལ་བསམ་གཞིགས་དང་འཚོལ་ཞིབ་བྱ་བར་འབད།
ཁོས་ཡུན་རིང་ཞིག་ལ་བསམ་བློ་བཏང་མཐར།ཁོའི་བློ་ཡི་མཐིལ་ལ་ལོ་མ་ནི་འདི་འདྲ་ཞིག་ལ་དགོངས་ཏེ།
ལོ་མ་ནི་གྲིབ་བསིལ་གྱི་མ་མ་དང་རླུང་བུའི་ཡབ་ཆེན་རེད། ལོ་མའི་ལྗང་མདོག་གིས་རྒྱལ་ཁ་སྟོན་ཞིང་ལྷབ་ལྷུབ་གཡོ་བ་ཡིས་གཤོག་འགྱུར་ལ་རྔམ་པའི་སྟངས་ཀ་མཚོན།
དེ་ལས་ཁོས་ལྗང་གུ་རྣམས་ཀྱི་འཕག་འཚག་གི་ཕུགས་ན་ཅི་ཞིག་སྙིང་ལྟར་ཉར་ཡོད་པ་དེ་རྟོགས། ད་དུང་སྟོན་འཇུག་ལོ་མ་ས་ལ་ལྷུང་བ་དེ་ཡང་ལོ་མའི་ཕམ་ཁ་མིན་ལ་ལོ་མས་རང་བྱུང་ཆོས་ཉིད་ལ་རུང་བསྟུན་བྱས་པ་ཡིན།
རུང་བསྟུན? དེ་ནས་ཉི་མ་སྐྱབས་ཀྱིས་“ལོ་མའི་རུང་བསྟུན”་གྱི་སྐོར་ལ་བསམ་གཞིགས་བྱས། རྒྱུ་མཚན་ཉི་མ་སྐྱབས་ནི་རུང་བསྟུན་ལ་མོས་བ་དང་དགའ་དད་ཡོད་མཁན་ཞིག་མིན།
དེ་ལ་ཡང་གཏན་ཚུགས་གཞན་ཞིག་ཡོད་དེ། སྤྱི་ཚོགས་ཀྱིས་རང་ཉིད་ཀྱི་ངོ་གདོང་གཤའ་མ་དེ་རྨེག་མེད་དུ་གཏོང་དུ་བཅུག་ན་མ་འདོད་པས་རེད།
ཡང་ན་ཚིག་སྒྲོས་གཞན་ཞིག་གི་སྒོ་ནས་བཤད་ན། རངཚུགས་དང་རང་དབང་།གསར་གཏོད་གསུམ་ནི་ཁོས་རང་ཉིད་ཀྱི་མི་ཚེ་ནང་གི་གསེར་གྱི་ཀ་བ་གསུམ་ལ་འདོད་ཀྱིན་ཡོད་པས་རེད།
ཡིན་ན་ཡང་།“ལོ་མའི་རུང་བསྟུན”་ནི་ལོ་མ་རང་ཉིད་རང་བྱུང་གི་མངའ་ནས་སྐྱེས་རྐྱེན།
སླར་ཡང་རང་བྱུང་གི་རྩ་ལམ་དུ་བསྟིམས་པ་ནི་ཆེ་རྩ་བའི་ལོ་མའི་ཀུན་སྤྱོད་དེ་ཡིན་ནམ། དྲི་བ་འདི་ལས་ཉི་མ་སྐྱབས་ཀྱིས་གནས་ལུགས་གཞན་ཞིག་རྙེད།
དེ་ནི་ “འཁོར་བའི་ཆོས་ཉིད”་ཡིན་པ་རེད། དེ་ཡང་ལོ་མ་ལྗང་གུ་གཅིག་གི་རྒྱབ་ན་ལོ་མ་སེར་པོ་སྟོང་ཕྲག་མང་པོ་ས་ལ་པོ་ཟགས་འདུག་ཅིང་།ལོ་མ་སེར་པོ་གཅིག་གི་སྔུན་ན་ལོ་མ་ལྗང་གུ་སྟོང་ཕྲག་མང་པོ་ཤུགས་ཀྱིས་རྒྱས་འདུག།བསམ་བློ་འདི་ལྟར་གཏོང་དུས། ཞོར་ལ་ཁོས ་“ཆུང་ཆུང་ཁྲོད་ན་ཆེན་པོ”་ཡོད་པའི་གནས་ལུགས་དེ་ཡང་རྟོགས།
ཉི་མ་ཡང་ཇེ་གསལ་ནས་ཇེ་ཚ་རུ་གྱུར་སོང་།
ལོ་མའི་ལྗང་མདོག་ཀྱང་ཇེ་ནེམ་ནས་ཇེ་ནེམ་ལ་གྱུར་སོང་། ཟིལ་བའི་བཀྲག་མདངས་ཀྱང་་ཇེ་མཚར་ནས་ཇེ་མཚར་ཏུ་གྱུར་སོང་།
ཞོགས་ཟས་ལ་རན་པའི་ཅོང་བརྡ་ཡང་གྲགས་སོང་།
འོད་ཀྱིས་ཁེངས་བའི་ཁོའི་གོམ་ཁ་ཕྱིར་ཉལ་ཁང་གི་ཕྱོགས་སུ་བསྒྱུར།
ཁོ་རང་ཕྱིར་ཉལ་ཁང་ལ་སླེབས་དུས།ཉལ་རོགས་ཁ་ཤས་མལ་ལས་ལངས་ཤིང་གཅིག་གཉིས་ཤིག་ད་དུང་ཉལ་འདུག།
ཡིན་ན་ཡང་། ཉལ་ཁང་ནང་གི་རྐང་དྲི་དང་རྔུ་དྲི། རུལ་དྲི་ཡི་དྲི་ངན་གྱི་རྔམ་ཁ་བྲི་ཞིང་ཉི་ཟེར་སྒེའུ་ཁུང་ནས་འོད་འཁྱུགས་སེ་ནང་ལ་འཕྲོས་འདུག།
ཉི་མ་སྐྱབས་ཡངས་བོར་ཕྱེ་ཡོད་པའི་སྒེའུ་ཁུང་གི་མདུན་ནས་ཀྲོང་ངེར་འགྲེང་ཏེ་་ཕྱི་ལ་ཅེར་བ་ན།
ཕྱི་རོལ་ན་ལོ་མ་དང་ཡལ་ག། ཤིང་སྡོང་། བྱ་བྱིའུ་། ནམ་མཁའ་། རྩྭ་ཕྲན། སྡོད་ཁང་། སྒོ་ཆེན།
སྒེའུ་ཁུང་བཅས་ཉི་ཟེར་གྱི་ཀློང་ན་ཏ་ཧྥན་ཆི་ཡིས་བྲིས་བའི་སྣུན་ཚོན་རི་མོ་ཞིག་དང་འདྲ་བར་གསོན་ཉམས་ལྡན་ཤིང་ཡིད་དུ་འོང་བ་ཞིག་མིག་ལམ་དུ་སྣང་བས།
ཁོ་རང་གི་གདོང་ལ་འཛུམ་ཞིག་འཁྱིལ་ཏེ་གོམ་ཁ་ཐབ་ཚང་དུ་བསྒྱུར་རོ།།
དོན་གྱིས་ཞོགས་པ་འདིར་ཉི་མ་སྐྱབས་ཀྱིས་ཅི་ཞིག་རྟོགས་ཡོད་དམ།
ཡང་ན། ཉི་མ་སྐྱབས་ཀྱིས་ཅི་ཞིག་འཚོལ་བཞིན་འདུག་གམ།
༢༠༡༢།༡༡།༡༣ཉིན། (ཝཱ་ར་ཎ་སི་ནས།)
No comments:
Post a Comment