Monday, January 28, 2013

དེ་རིང་གྲུ་ཆུང་ལ་བསྡད་དེ་གངྒར་བརྒལ།
གངྒ་ལགས།
ཁྱེད་རང་ཇི་འདྲའི་ལྷོད་ཅིང་འཇགས་ཨང
ཁྱེད་ཀྱི་བཞུར་རྒྱུན་ནི་ཇི་འདྲའི་བག་ཕེབས་ཤིག
ཁྱེད་ནི་ཧ་ལམ་ལྟེམས་མེར་འཁྱིལ་བའི་རྫིང་བུ་ཞིག་དང་འདྲ
རང་གཤིས་འདི་སུ་ཞིག་གིས་ཁྱེད་ལ་སྩལ་སོང་ངམ
ཁྱོད་ཀྱི་འབབ་རྒྱུན་ནི་འདི་འདྲའི་སོས་དལ་བག་ཡངས་ཤིག་ཡིན་དོན་ཅི
གངྒ་ལགས། གངྒ་ལགས གངྒ་ག་ལགས

སེམས་པ་འདི་རྒྱུགས་ཆུ་ཞིག་དང་འདྲ་བར
ཤག་ཤག་དང་ལྷོག་ལྷོག་ཏུ་བཞུར
གངྒ་ལགས
བདག་གིས་ས་ཁྲ་སློག་ཏེ་ཁྱོད་ཀྱི་རྒྱབ་ལྗོགས་སྔོག
བདག་གིས་གླེགས་བམ་ཁྲོད་ནས་ཁྱེད་ཀྱི་ནང་ཁོག་བཙལ
སེམས་པ་གངྒ་ལ་བརླན་དུས
བདག་གིས་གངྒ་ཀློང་ནས་ཀི་རིང་ཤོར
ཨོ། བདག་གིས་ཤེས་སོང
ཁྱེད་ཀྱི་མགོ་ཁུངས་གངས་རི་དང
ཁྱེད་ཀྱི་འབབས་ས་རྫ་གསེང
ཁྱེད་ཀྱི་བཞུར་ས་སྤང་ལྗོངས་རེད་ལགས
མདོར་ན་ཁྱེད་ནི་གངས་རའི་ཨ་མའི་བྱང་ཁོག་ནས་ཐོན་པ་ཞིག་རེད
དེ་བས། ཁྱེད་རང་མཐོ་པོ་བྲག་ནས་སྤོབས་པས་བསས་ཤིང
དམའ་མོ་ལུང་ནས་མཛེས་བས་བཞུར། 
ང་རྒྱལ་དང་མཛེས་སྡུག
གཡང་གཟར་ནས་ཁྱེད་རང་ཆལ་ཆིལ་དུ་བབས་པས་རྦབ་ཆུ་རུ་གྱུར
རྫ་གསེང་ནས་ཁྱེད་རང་ལྷུང་ལྷུང་དུ་བབས་པས་རྫ་ཆུ་རུ་གྱུར
སྤང་ཁ་ནས་ཁྱེད་རང་ཤག་ཤག་ཏུ་བཞུར་བས་རྒྱུགས་ཆུ་ལ་གྱུར
སྐབས་དེར། ཁྱེད་ནི་དཔའ་སྤོབས་དང་སྟོབས་ཤུགས་ཀྱིས་ཁེངས་པ་ཞིག་རེད་ཨང
སྐབས་དེར། ཁྱེད་ཀྱི་བཞུར་རྒྱུན་དང་འབབ་རྒྱུན་གྱིས་སུ་ལ་ཡང་མགོ་བོ་སྒུར་མེད
ཆལ་ཆིལ་དུ། ལྷོག་ལྷོག་ཏུ། ཆལ་ཆིལ་དུ། ལྷོག་ལྷོག་ཏུ།
ཆལ་ཆིལ་དུ། ལྷོག་ལྷོག་ཏུ། ཆལ་ཆིལ་དུ། ལྷོག་ལྷོག་ཏུ།
 
གངྒ་ག་ལགས
ཁྱེད་རང་ཐང་ཆད་སོང་བ་ཡིན་ནམ
ཁྱེད་རང་དཔའ་ཞུམ་སོང་བ་ཡིན་ནམ
ཡང་ན། ཁྱེད་ཀྱིས་རང་ཉིད་ཀྱི་ཡོད་ཚད་གཏིང་བརྗེད་ཀྱིས
ཕ་རོལ་པའི་གྲུ་གཟིངས་རྒྱབ་ལ་ཁུར་ཏེ་ཕར་འགྲོ་ཚུར་འོང་ཁོ་ན་བྱེད་ཀྱིན་ཡོད་དམ
ཡང་ན། ཁྱེད་རང་རྫ་གསེང་བྲག་གསེང་ནས་བབས་བབས་མཐར
འདི་ནི་ཁྱོད་ཀྱི་མཐའ་མཇུག་གི་གནས་མལ་དང་དམ་བཅའ་དེ་ཡིན་ནམ
གངྒ་ག་ལགས གངྒ་ག་ལགས གངྒ་ག་ལགས
དེ་རིང་། ང་གྲུ་ཆུང་ཞིག་ལ་བསྡད་དེ་གངྒའི་ཚུར་རོལ་དང་ཕ་རོལ་ལ་བརྒལ
སང་ཉིན། ང་རང་གངྒ་ལ་འཐིམས་ཏེ་རྒྱ་མཚོར་འདྲེས་དགོས།
27.1. 2013
 

No comments:

Post a Comment