Sunday, January 13, 2013

རྡ་སར་འཐིམས་པ།

ནམ་ཚོད་ཟིན་གྱི་བྱ་ཕོ་ཡིས།།
སྐྱ་རེངས་བུ་མོར་བསུ་མ་བྱེད།།
ནགས་རི་ཕྲག་གི་སྣེ་མོ་ནས།།
བཀྲག་མདངས་ཉི་མ་ཤར་རེ་ཡོང་།།
གཡུ་ཡི་ནམ་མཁའི་འོག་རོལ་ན།།
ཁོ་བོ་ཞོགས་པའི་ཁམས་ལ་འཐིམས།།

གངས་ཀྱི་རྩེ་མོར་ཉི་འོད་ཕོག།
བཀྲག་པའི་དཀར་མདངས་སྔར་ལས་གསལ།།
ནགས་རི་རྫ་རིའི་མན་ཆད་ལ།།
ཉི་འོད་རིམ་གྱིས་འཕྲོས་གྱུར་ན།།
བྲིས་པའི་སྣུམ་ཚོན་རི་མོ་འདྲ།།
ཁོ་བོ་གངས་དང་ནགས་ལ་འཐིམས།།

དར་ལྕོག་རླུང་གིས་ཐླག་ཐླག་བསྐྱོད།།
ཁ་ཡིས་མ་ཎི་སྐྱོར་དང་མཚུངས།།
མིག་ཟུང་རྒྱང་ལ་བསྲེངས་བ་ན།།
རྒྱང་གི་རྒྱང་རིང་ཝ་ལེར་གསལ།།
དར་ལྕོག་ཁེན་ནས་བསྡད་པའི་ཚེ།།
ཁོ་བོ་རྒྱང་རིང་གནས་ལ་འཐིམས།།

No comments:

Post a Comment