Saturday, March 2, 2013


ཐ་ན། ངས་མདང་དགོང་ཆར་བ་བབས་པ་ཡང་ཚོར་མི་འདུག

07.02.2013

ད་ནངས་ཞོགས་པ་གྲོགས་པ་ཚོས་བརྗོད་ན། མདང་དགོང་གློག་དམར་འཁྱུག་སྟེ་འབྲུག་སྒྲ་ལྡིར་ཅིང་།  དྲག་ཆར་བབས་སོང་ཟེར།  ང་མདང་དགོང་མགོ་བོ་སྔས་ལ་བཞག་མ་ཐག་གཉིད་ལ་ཤོར་ཏེ། ཞོགས་པའི་ཆུ་ཚོད་དྲུག་པ་བར་ཏུ་གཉིད་ལས་མ་སད་དོན་ཅི་ཡིན་ནམ།

ངས་སྒེའུ་ཁུང་མདུན་ནས་བསམ་བློ་བཏང་།  མིག་གིས་རྒྱང་ལ་ལྟོས་ནས་བསམ་གཞིགས་བྱས། མཚམས་ཤིག་ལ་ངའི་སེམས་སུ་དེ་ནི་མདང་དགུང་གི་སྨག་སྟུག་སོང་བས་ཡིན་ནམ་སྙམ། ཡང་ངའི་སེམས་སུ་མདང་དགོང་ནམ་མཁའ་ན་ཟླ་བ་དང་སྐར་ཚོགས་མེད་པས་ཡིན་ནམ་སྙམ། ཡང་། ངའི་སེམས་སུ་མདང་དགོང་གི་འཐེན་ཐུག་ཞིམ་དྲག་པ་དང་འཐུང་དྲག་པས་མིན་ནམ་སྙམ།

 
གང་ལྟར། ཞོགས་པ་འདིར་མདང་ཆར་བ་བབས་པ་ཤེས་རྗེས།  སེམས་པ་འདི་ཧ་ཅང་གི་སྐྱོ་སྟེ། བྲང་ཁོག་ནས་རྡོ་ལྟ་བུའི་རྡོག་རྡོག་ཅིག་གིས་ན་ཟུག་ཡང་ནས་ཡང་དུ་སླང་ཡོང་། ཐ་ན།  ང་རང་གིས་མཚན་སྨག་ནས་ཆར་བ་བབས་པ་ཡང་ཚོར་གྱི་མི་འདུག་པས།  ཀྱི་ཧུད། ངས་སང་ཉིན་སྙན་ངག་ཇི་ལྟར་འབྲི་འམ། ང་ཇི་འདྲའི་མི་འདྲ་མེད་ཞིག་རེད་ཨང་།

སྤྱིར།མཚན་སྨག་ནས་འབྲུག་སྐད་གྲགས་པ་ནི་གཉའ་གནོན་ཡིན་ལ།མཚན་སྨག་ནས་ཆར་བ་འབབ་པ་ནི་མིག་ཆུ་ཡིན།ད་དུང་།གློག་དམར་འཁྱུག་པ་ནི་ཉམ་ཆུང་སུ་ཞིག་གི་མགོ་རྡོ་ལོག་གིས་རྒྱབ་པའི་ཚོར་སྣང་ཡིན།དེ་བས། བར་སྐབས་འདིར། ང་རང་གཉིད་ལ་ཤོར་སོང་བ་འདི་ཇི་འདྲའི་ངོ་ཚ་ཞིག་མ་ཡིན་ནམ། འདི་ནི་མེས་པོ་ཚོས་ང་ལ་བསླབ་པའི་རང་གཤིས་དེ་ག་ལ་ཡིན། འདི་ཨ་ཕས་ང་ལ་གནང་བའི་ཁ་ཏ་དེ་ཡང་ག་ལ་ཡིན། འདི་ནི་ཨ་མས་ང་ལ་བཅངས་བའི་རེ་བ་དེ་ཡང་ག་ལ་ཡིན་ཨང་།

དེ་ནས་ཞོགས་པ་འདིའི་སེམས་པ་ཆུང་ཆུང་འདི་ཡིས་སྐྱོ་བ་སྒྱེ་གང་ཁུར་ནས་ཕྱི་ལ་སོང་བ་ན་། ལམ་འགྲན་གྱི་མེ་ཏོག་དང་སྡོང་མགོའི་ལོ་མའི་སྟེང་ན་མདང་བབས་པའི་ཆར་ཐིགས་ཁ་ཤས་ད་དུང་ཡང་དལ་བ་དལ་བུར་ས་ལ་ཐིགས་ཀྱིན་ཐིགས་ཀྱིན་འདུག དེ་བས། རབ་རིབ་དུ་གྱུར་ང་ཡི་ཁྲ་ཆུང་མིག་གི་མཆིལ་མ་་ཡང་སེམས་ནས་དལ་བ་དལ་བུར་ས་ལ་ལྷོད་ཀྱིས་ལྷོད་ཀྱིས་ཟགས་སོང་།

No comments:

Post a Comment