འགྱིག་བྱེ་རིལ།
ཉོ་རྒྱུ་དག་དག་ཅན་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་འགྱིག་སྒམ་རིིལ་ལུ་མ་ཞིག་གི་ནང་རོལ་ནས་ང་དང་ང་འདྲ་བ་མང་པོ་འཚང་ཤུག་ཤུག་དང་བཙུར་ངང་ངང་བསྡད་ཡོད་ས་དེ་ནི་འགྱིག་བྱེ་རིལ་ངའི་ཕུད་ཀྱི་བསྟི་གནས་དེ་ཡིན།
ང་དེ་ལ་ཇི་ལྟར་སླེབས་མིན་དང་རང་ཉིད་ཀྱི་ཕ་མ་སུ་ཡིན་མིན་ངས་གསལ་བོར་མི་ཤེས་མོད། རང་ཉིད་འགྱིག་བྱེ་རིལ་ཞིག་ཡིན་པ་དང་ཚང་མས་རང་ཉིད་ལ་འགྱིག་བྱེ་རིལ་ཞེས་འབོད་ཀྱིན་ཡོད་པ་ངས་གསལ་བོར་ཤེས་ཡོད།
གང་ལྟར། ངའི་སེམས་ལ་རྟག་པར་དངངས་སྐྲག་གིས་ཁེངས་ནས་བསྡད་ཡོད།
མཛས་སྡུག་ལྡན་པའི་ཕྱི་དྲོ་ཞིག་ལ་སློབ་འབྲིང་གི་སློབ་མ་ཞིག་གིས་ཧིན་སྒོར་གཅིག་བྱིན་ནས་ང་རང་ཉོས་ཏེ་གླུ་གཞས་སྙན་མོ་ཞིག་ལེན་ཞོར་འགྲོ་སོང་།
དང་པོ་ཁོས་ང་རང་ཟ་མར་མི་བརྕམས་པར་སྟོད་ཐུང་གི་ཁུག་མས་ནང་ལ་བཅུག་སོང་། ཁུག་མ་དེ་གཏིང་ཟབ་ཅིང་མུན་ནག་པོ་ཞིག་རེད།
དྲི་ངན་ཁ་ཞིང་མདོག་ཀྱང་ངན་པ་ཞིག་ཡིན་པ་འདྲ། ངས་ཅི་ཡང་མི་མཐོང་ལ་ཅི་ཡང་མི་གོ མཚམས་རེར།
ཁོས་ང་ལ་ལག་སྙོབ་རེ་དང་བྱིལ་བྱིལ་རེ་ཡང་བྱེད། ང་རང་དངངས་སྐྲག་གིས་སྙིང་ཆུང་མིད་ཁར་སླེབས་ཡོང་ལ་ལུས་ཡོངས་དར་ལྕོག་ལྟར་གཡུགས་ཤིང་འདར།
དེ་ནས་ངའི་འགྲན་ན་ཐ་མག་གི་སྒམ་ཞིག་དང་འབར་ཞུན་གྱི་སྒམ་ཆུང་ཆུང་ཞིག་ཡོད་པ་ཡང་ངས་གཞི་ནས་ཚོར་སོང་།
དེ་ནས་ངས་འཕྲལ་དུ་གྲོགས་པོ་ཐ་མག་ལགས། ང་ཕྱིར་བཏོན་རོགས་ཞེས་ཁོ་ལ་འདི་ལྟར་ཞུ་བ་འཐེན་པ་ཡིན་མོད། འོན་ཀྱང་།
ཁོས་གཅིག་མི་ཟེར་གཉིས་ཟེར་བའི་ངང་ཁ་བཙུམ་མི་འདི་ཡི་ཚེ་སྲོག་རྩ་མེད་དུ་གཏོང་རྒྱུ་དེ་ང་ཚོའི་ལས་འགན་ཡིན།
ང་ཚོ་ཐག་རིང་སྲིན་པོ་ཡུལ་གྱི་ཕོ་ཉ་ཡིན་ཟེར། ང་རང་སྔར་ལས་ཞེད་སྣང་གིས་ཁེངས་ཏེ་འདི་འདྲའི་སྐྱི་གཡའ་བ་ཞིག་ཡིན་དོན་ཅི་ཡིན་ནམ་སྙམ།
སྐབས་དེར། སློབ་མ་དེ་ཡི་མཛུབ་མོ་སྟུག་པོ་རིང་པོ་ཅན་གྱི་ལག་པ་དེ་ཁུག་མའི་ནང་ལ་འདོད་རྔམ་གྱིས་བསྲིངས་བྱུང་།
དགའ་བ་ཞིག་ལ་ཁོས་ཐ་མག་དང་འབར་ཞུན་གྱི་སྒམ་དེ་གཉིས་ཕྱིར་བཏོན་སོང་། ཅུང་མ་འགོར་ཁོ་གཉིས་ཕྱིར་སླེབས་སོང་།
ཐ་མག་གི་སྒམ་དེ་ཡིས་ང་ལ་ངས་མི་འདི་ཡི་གློ་སྙིང་ཟ་བར་དམག་མི་ཞིག་གཏོང་ཐུབ་སོང་། དེ་ནི་དེ་རིང་གི་ངའི་རྒྱལ་ཁ་ཆེན་པོ་དེ་ཡིན་ཞེས་ཡིན་མདོག་མདོག་དང་བློ་ཚིམ་ཚིམ་གྱིས་དེར་ལྟར་ཟེར།
དེ་ནས་སྔར་བཞིན་བཟོད་བསྲན་དང་འཆར་གཞི་ལྡན་པའི་སྒོ་ནས་ལྷོད་ལྷོད་ངང་བསྡད་སོང་། འོན་ཀྱང་།
ང་ལ་དེ་འདྲའི་འཆར་གཞི་ཞིག་དང་དམིགས་པ་གང་ན་ཡོད།རྦད་དེ་ཡོད་པ་མ་རེད།ད་ངས་ཅི་ཞིག་བྱའམ།
མཚམས་ཤིག་ལ། ཁོ་འགྲོ་མཚམས་བཞག་ཏེ་ལམ་འགྲམ་གྱི་རྒྱུགས་ཆུ་ཆུང་ཆུང་ཞིག་གི་འགྲམ་ནས་ངལ་གསོས་ཀྱང་ཁ་ནས་དབུགས་རིང་ཞིག་གཏོང་ཞོར་བློར་མི་འབབ་པའི་ལག་པ་དེ་ཁུག་མའི་ནང་ལ་བསྲེངས་འོངས་ཏེ་ང་ལ་སྦར་སྙོར་གྱིས་ཕྱིར་ལ་བཏོན།
ང་སྐྲག་ཨང་། ང་ཞེད་ཨང་། སློབ་སྦྱོང་མེད་པའི་ལག་ཟུང་དེས་ངའི་ཤུན་པགས་བཙན་གྱིས་གཤག་རྩིས་བྱས་ཀྱང་གཤགས་་མ་ཐུབ།དེ་ནས་ཁོའི་མདུང་དང་སོག་ལེ་འདྲ་བའི་སོ་ལ་བླངས་ཏེ་ངའི་ཤུན་པགས་གཤགས་ཏེ་ངའི་ནང་སྙིང་ཆེ་ལ་དྲི་ངན་བྲོ་བའི་ཁོའི་ཁ་ནང་ལ་བཅག་སོང་།མཚམས་འདི་ནས་ང་ཕྱོགས་གཉིས་སུ་གྱེས་སོང་། མ་གཞི་ནས་ང་ནི་ཆ་ཤས་ཀུན་གྱི་ཚོགས་རེད།
དང་པོ།ང་ཡི་ནང་སྙིང་།
དེ་ནས་ངའི་ནང་རོལ་གྱི་ཕུང་པོ་འདི་ཚལ་བར་གཤགས་ཏེ་མཐར་མཉེན་མོ་འདམ་ལྟ་བུ་ཞིག་ཏུ་བཏང་སོང་། ཨ་ཧོ་ཧོ་ཧོ།
ཇི་འདྲའི་ཚ་བ་ལ། ཇི་འདྲའི་ན་བ་ལ། ལྕེ་རྐན་གྱི་རམ་འདེགས་ཡོད་པའི་རྣོན་པོ་སོ་ཡིས་ངའི་ལུས་པོ་ལ་བསྟུད་མར་ལྡད་ཀྱིན་འདུག ངའི་མངར་མོ་ཁྲག་དང་ཁུ་བ་སོགས་སྒོགས་སེ་མིད་དེ་བྲག་དུང་ལྟ་བུའི་མིད་པ་རྒྱུད་ནས་ཚ་དྲོད་དང་རྙོག་འཛིང་ཆེ་བའི་ཁའི་ཕོ་བར་བཏང་སོང་།
དེ་ན་ཕོ་བས་དང་ལེན་བྱེད་ཀྱིན་མེད་པའི་ཟས་རིགས་མང་དུ་གདའ། དཔེར་ན། ཁ་ཚ་སི་པན་དང་བྲོ་རྫས་ཁ་མོ།
སྐྱུར་མོ་སྐྱུར་རྫས། ད་དུང་། མང་པོ་མང་པོ་འདུག ང་ཡི་མངར་ཁུ་ཡང་དེ་དག་ལས་མ་འདས། དོན་གྱི་ཕན་ཐོགས་བྱེད་ཅིག་ཡིན་ས་མ་རེད།
ད་དུང་། ཁོས་ང་རང་བསྟུད་མར་ལྡད་ཀྱིན་འདུག
མཚསམ་རེར། ཁོས་ང་རང་ལེབ་མོ་ལེབ་མོ་རེ་བཟོས་ཏེདབུགས་བཏང་ཏེ་སྤོ་ལོ་ལྟ་བུ་རེ་བྱས་ཏེ་འགབ་ཏུ་ཡང་འཇུག
དངོས་ནས། སོ་ཁ་ལས་འགྲམ་འོག་ཅུང་བདེ་བར་སྣང་མོད།
སྤྱིར་ཁག་ཐལ། ཁོའི་སོ་ཡི་མདུ་རྒྱབ་གཡས་གཡོན་ན་ནག་ཐིགས་དང་བུ་ག་མང་ཙམ་གདའ། ཕལ་ཆེར། ཁོས་སོ་འཁྲུལ་གྱིན་ཡོད་ས་མ་རེད།
དེ་ནས་ཁོ་ལམ་ལ་ཆས་ཏེ་སློབ་གྲྭར་འགྲོ་སོང་།
ཁོ་སློབ་གྲྭར་ཐོན་དུས། ཉི་མ་ལ་མགོ་ན་འཚེར་གྱིན་ལེར་འདུག ཅུངམ་འགོར་བར་སློབ་གྲྭའི་ཚོགས་ཁང་དུ་འཛོམས་དགོས་པའི་ཅོང་བརྡ་་ཞིག་བཏང་སོང་།
ཁོས་ད་དུང་ཁ་ལ་བཟོ་ལྟ་འདྲ་མིན་བཅོ་བརྒྱད་བཏོན་ཞོར་ང་ཤུགས་ཀྱིས་ལྡད་ཀྱིན་ལྡད་ཀྱིན་འདུག
ཕལ་ཆེར། ངའི་ཟུངས་ཁྲག་རྫོགས་ལ་ཉེ། ངའི་མངར་ཁུ་ཡལ་ལ་ཉེ། སློབ་མ་རྣམས་ཚོགས་ཁང་དུ་འཛོམས་འདུག སྟེགས་བུ་སྒང་ན་དབུ་མའི་ལམ་གྱི་སྐོར་ལ་གཏམ་བཤད་གནང་མཁན་གྱི་སྐུ་ཞབས་ཤིག་མར་འཁོར་ནས་བསྡད་འདུག
ཡིན་ན་ཡང་། ཁོས་སྔར་བཞིན་བྲག་ཕུག་ཅིག་དང་འདྲ་བའི་ཁ་དེ་ཡར་གདེང་མར་གདེང་ངང་ངའི་སྒང་ལ་བསྟུད་མར་ལྡད་ཀྱིན་འདུག སྐབས་དེར། སློབ་གྲྭའི་རྒན་བདག་གིས་ཁོ་ལ་མིག་བརྡ་ཞིག་བསྟན་ཏེ་ང་རང་མ་ལྡད་ཟེར་བའི་རྣམ་འགྱུར་བསྟན།
དེ་ནས་ཁོས་ཁ་ཟག་ཟག་དང་སྣ་སྙེར་སྙེར་གྱིས་ང་རང་ཁོའི་ལག་མཐིལ་ཏུ་བླངས་སོང་། གཞི་ནས། ང་རང་བདེ་མོ་ཐང་ཞིག་ལ་འཇོག་རྒྱུ་རུ་སྙམ་མོད།
འོན་ཀྱང་། དེ་ལས་ལྡོག་སྟེ། ཁོས་ཁུ་སིམ་སིམ་དང་ཡིན་མདོག་མདོག་གིས་མིག་གིས་རྒྱང་ལ་ལྟ་ཞོར་ཏུ་ང་རང་པང་ལེབ་ཀྱི་སྟེང་དུ་མཐེ་བོང་གིས་ག་ལེར་སྦྱར་སོང་།
ཅུང་མ་འགོར་བར། ཁོའི་མདུན་གྱི་བུ་མོ་དེ་ཅུང་འགུལ་ཙམ་བྱས་རྐྱེན་ང་རང་བུ་མོ་དེ་ཡི་རྐུབ་ལ་འབྱར་སོང་།
འདུ་འཛོམས་དེ་གྲོལ་རྗེས། བུ་མོ་དེ་ཡིས་རང་ཉིད་ཀྱི་རྐུབ་ལ་ལག་སྙོབ་ཅིག་གིས་ང་རང་ཁོ་མའི་རྐུབ་ལ་འབྱར་ཡོད་པ་ཤེས་སོང་།
དེ་མ་ཐག་ཁོ་མོས་སྡུག་སྐད་ཤབ་ཤུབ་ཅིག་འདོན་ཞོར་ཁ་སྙེར་སྣ་སྙེར་དང་ལག་གཡུགས། རྐང་རྡབ་བྱས་ཏེ།
ང་རང་དུམ་བུ་དུམ་བུ་ངང་བཅད་དེ་ས་ལ་གཡུགས་སོང་། ཡིན་ན་ཡང་། གཙང་མ་གཙང་རྐྱང་ཞིག་བཟོ་མ་ཐུབ།
དེ་དང་སྦྲགས་མོས་འགྱིག་བྱེ་རིལ་ལྡད་མཁན་གྱི་མི་འདི་གསར་ཏུ་ཤིང་ནགས་ནས་ཐོན་པའི་མི་ཡིན་ས་རེད།
འགྲོ་སྟངས་བསྡད་སྟངས་ཤེས་ཀྱིན་མི་འདུག། རབ་ཡིན་ན་ཕན་ཐོགས་ཉུང་ཞིང་གནོད་འཚེ་མང་བའི་ཚོང་རྫས་འདི་རིགས་ནི་རྩ་སྟོང་དུ་སྤྱི་སྒེར་གཉིས་ཀྱིས་བཏང་ན་རབ་ཏུ་མཆོག་ཅེས་སྡུག་དམོད་དང་རེ་བ་དེ་ལྟར་བཏོན།
དངོས་ནས་ང་རང་གི་རྐྱེན་པས། ཁོ་མོའི་རྐང་སྣམ་ལ་བཙོག་པ་མང་དུ་བཟོས་འདུག རྐང་སྣུམ་དེ་སྤུས་ཀ་ལེགས་ཤིང་མདོག་མཛེས་བཀོད་ལེགས་ཤིག་ཀྱང་རེད།
ཁོ་མོ་ཁོང་ཁྲོ་ལངས་ཤིང་སྡུག་དམོས་བཏོན་པ་དེ་ཡང་རྒྱུ་མཚན་མེད་པ་དང་གང་འདོད་སྣང་མེད་ཅིག་ཁྱོན་ནས་མ་རེད།
ཁག་མི་འདུག་ཨང་སྙམ། གང་ལྟར། ཐེངས་འདིའི་གཟའ་ཉི་མར་ཆུ་དང་འདག་རྫས། བསུབ་ལེན་སོགས་མཉམ་འབྲེལ་གྱིས་ང་རང་ཁོ་མོའི་རྐང་སྣམ་གྱི་སྟེང་ནས་ཡལ་བར་བྱས།
དག་པར་བྱས། འདི་ནས་ངའི་ནང་རོལ་གྱི་ཆ་ཤོས་རྙོག་མ་ཆུ་དང་འདྲེས་ཏེ་མཐོང་ཆོས་སུ་མེད་པར་གྱུར།
ངའི་ནང་རོལ་གྱི་ལོ་རྒྱུས་ལ་འདི་ལྟར་རྫོགས་བཀོད་དེ་འབྱུང་བཞིའི་ཁམས་ལ་འཐིམས་སོང་། ཅི་ཞིག་གང་ཞིག་གི་ཉེར་ལེན་གྱི་རྒྱུ་རུ་གྱུར་སོང་།
གཉིས་པ། ང་ཡི་ཤུན་པགས།
སློབ་མ་དེ་ཡིས་སྣང་མེད་ངང་ངའི་ཤུན་པགས་ལམ་ཁ་དེར་གཡུགས་རྗེས།
ང་རང་གིས་མི་མྱངས་རྒྱུ་ཞིག་མྱངས་སོང་། མི་ཕྱུག་གཉིས་ཀྱི་རྐང་བར་ལག་བར་ནས་ངའི་དངངས་སྐྲག་གི་སྙིང་ཆུང་ལུ་གུ་ལྡིང་ལྡིང་།
ཞེད་སྣང་གིས་ལུས་པོ་འདར་སུག་སུག མཚམས་རེར། རླངས་འཁོར་དང་སྦག་སྦག་གི་འཁོར་ལོའི་འོག་ལ་མནན་ཏེ་གཡག་རྟུལ་དྲི་གཉིས་ཆ་བཏོན་འོང་།
གཅིན་སྐྱག་པ་གཉིས་ཆ་ཤོར་འགྲོ། ཇི་འདྲའི་ན་ཞིང་ཚ་ཨང་། དེ་ལས་ཀྱང་། འཇིགས་སུ་རུང་བ་ཞིག་ནི་ང་ལ་ཀུན་གྱི་རླབས་ཆེན་དུ་སྙམ་བཞིན་་པའི་རང་དབང་ཁྱོན་ནས་མེད།
རླུང་འཚུབ་ཀྱི་སེམས་པ་དང་བསྡོངས་ང་རང་གི་ཁ་ཕྱོགས་ལ་ངེས་གཏན་མེད། ད་དུང་ཆར་བ་འབབ་དུས།
ཉིི་མ་ཚ་དུས། ང་སྦྲང་བོ་ལྟར་བདག་མེད་ཉམས་ཆུང་ཡིན། རོགས་སྐྱོར་མེད་པའི་ཁེར་རྐྱང་ཡིན།
འཆི་ལ་ཁད་ཉམས་རེ་སྡུག ང་དགོས་ནི་མཁོ་ནི་གཅིག་ཀྱང་མི་འདུག ངའི་སྒང་ན་མདོག་ལྡན་ཚོན་ཁྲ་དང་རི་མོ་སྙིང་རྗེ་མང་ཙམ་མཆིས་མོད། དོན་གྱི་དེ་ཡིས་ཕན་ཐོགས་མ་སོང་།
འདི་ལྟར་བདུན་ཕྲག་གཅིག་གི་རྗེས་ཀྱི་ཁོར་ཡུག་གཙང་བཟོ་ཡི་ཉིན་མོ་དེར་ཕྱག་མ་ཞིག་གིས་ང་ལ་ག་ལེར་ག་ལེར་བྱིལ་བྱིལ་ངང་གད་སྙིགས་སྣོད་ཆས་ཀྱི་ཁུག་མ་ཞིག་གི་ནང་དུ་བླུགས་སོང་།
ཁུག་མ་དེ་ན་ང་འདྲ་བོ་མང་པོ་འདུག་ལ་མི་འདྲ་བ་ཡང་མང་པོ་འདུག གང་ལྟར།
ང་ཚོ་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་དེ་ནི་མདོག་ངན་ཞིང་དྲི་ཁ་བ། མགོ་ཡོད་ན་རྔ་མ་མེད་པ་དང་མིག་ཡོད་ན་རྣ་མེད་པ།
སྟོད་ཡོད་ན་སྨད་མེད་པ། གཡས་རལ་དང་གཡོན་རལ། མདུན་ན་བུ་ག་དང་རྒྱབ་ན་བུ་ག མདོར་ན་ང་ཚོ་ཚང་མ་གད་སྙིགས་ཡིན་པ་དེ་རེད།
ཡིན་ཡང་། སྐབས་དེར་ང་ལ་ཁེར་རྐྱང་གི་ཚོར་བ་ཞིག་སྐྱེས་མ་སོང་ལ་བདག་པོ་ཞིག་འདུག་སྙམ་པའི་སྣང་བ་ཞིག་སྐྱེས་སོང་། འདི་ལྟར་བསམ་བཞིན་པའི་སྒང་དེར་འཚིག་དྲི་དང་དུད་དྲི་བྲོ་བའི་ས་ཆ་ཞིག་ལ་སླེབས་སོང་། རྗེས་ནས་ཤེས་དུས་ས་དེ་ནི་ང་ཚོ་རྩ་མེད་དུ་གཏོང་ས་སྟེ་ང་ཚོ་སྲེག་ས་རེད། ང་ཚོའི་དུད་ཁྲོད་རེད། ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་ནས་ང་ཚོ་སྲེག་པར་བརྩམས་སོང་། ད་ང་ཚོ་སྲེག་སོང་།
ང་ཇི་འདྲའི་ཚ་ཨང་། ན་ཟུག་གི་སྨྲེ་ངག་མེ་ལྕེ་དང་མཉམ་དུ་གྲགས་ཤིང་མཆེད།
འདི་ནི་ངའི་ལས་དབང་ཡིན་ནམ། ཉེས་པ་ཡིན། གང་ལྟར། སྐད་ཅིག་འདི་ལ་ངའི་ལུས་པོ་སྲེག་སོང་།
ཚར་སོང་། མཐོང་ཡ་མེད་པར་གྱུར་སོང་། འོན་ཀྱང་། ང་རང་དུ་བ་ནག་པོ་ཞིག་གི་གཟུགས་སུ་མངོན་ཏེ་མཁའ་དབྱང་ས་སུ་ཤོར་སོང་།
མཁའ་དབྱངས་ནི་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་རེད་ཨང་། གཟུགས་མེད་ཀྱི་རླུང་བུ་ང་། ཕ་མ་གཉེན་ཉེ་མེད་པའི་ཤ་བོ་ཡུ་མོ་བཞིན་སྟོད་ལ་འཁྱམས་ཤིང་སྨད་ལ་མྱུལ།
སྒང་ལ་རྒྱུགས་ཤིང་འདབས་ལ་བྲོས། ང་ལ་འདུག་འདོད་ཀྱི་རང་དབང་མི་འདུག ང་འགྲོ་དགོས་ཤིང་རྒྱུགས་དགོས།
ང་མྱུལ་དགོས་ཤིང་འཁྱམས་དགོས། ང་ལ་ལྷོད་ལྷོད་ཀྱི་དུས་ཚོད་ངེས་ཅན་ཞིག་མེད། ང་ལ་ངལ་གསོ་ཡི་སྡོད་གནས་ངེས་ཅན་ཞིག་མེད།
ང་ཐང་ཆད་ཨང་།ང་སྐོམ་ཨང་།ང་ལྟོགས་ཨང་། ང་རང་སུ་ཞིག་གི་རྣམ་ཤེས་ཡིན་ནམ།
འོན་ཀྱང་། སྟབས་ལེགས་པ་ཞིག་ལ། སྐྱོ་བའི་མིག་ཆུ་བཞུར་ཅིང་སྡུག་གི་སྨྲེ་ངག་ཤོར་བའི་དུས་བབས་འདིར།
སྐོམ་པ་ཆུ་དང་ལྟོགས་པ་ཟས་ལ་འཕྲད་པ་ལྟར། རང་ཉིད་དང་འདྲ་བའི་གྲོགས་པོ་ཞིག་ལ་འཕྲད་སོང་།
ཁོའི་མིང་སྲོག་རླུང་(o2)ཟེར། ཁོས་སེམས་ཅན་ཀུན་ལ་ཚེ་སྲོག་གི་གསོན་ཤུགས་སྦྱིན་གིན་ཡོད་ཟེར། ཇི་འདྲའི་རླབསཆེན་ཞིག་རེད་ཨང་སྙམ།
ཁོས་ང་ལ་ནག་རྫས་(C)ཞེས་འབོད་ཀྱིན་འདུག འོན་ཀྱང་། ད་ལྟའི་བར་དུ་ངས་རང་ཉིད་ནག་རྫས་ཡིན་པ་ཁྱོན་ནས་མ་ཤེས།ད་དུང་ངའི་སེམས་པ་རང་ཉིད་ནི་སྔར་བཞིན་ཤུན་པགས་དེ་ཡིན་སྙམ་བཞིན་ཡོད།མཚམས་རེར།རང་ཉིད་ཤུན་པ་དེ་ཡི་རྣམ་ཤེས་ཀྱང་ཡིན་སྙམ།
གང་ལྟར། རང་ཉིད་ཀྱི་སྐྱོ་གཏམ་དང་སྡུག་གཏམ་ཚང་མ་ཁོ་ལ་བཤད་པ་ཡིན། ཁོས་ཀྱང་རང་ཉིད་ཀྱི་སེམས་གཏམ་དང་སྙིང་གཏམ་ང་ལ་ལབ་སོང་།
འདི་ལྟར་ངེད་གཉིས་ངོ་ཤེས་རྒྱུས་མངའ་ངང་གྲོགས་པོ་རུ་གྱུར། མཐར་ངེད་གཉིས་འདུག་ན་མཉམ་འདུག་དང་འགྲོ་ན་མཉམ་འགྲོ།
སྐྱིད་ཡོད་ན་མཉམ་རོལ་དང་སྡུག་ཡོད་མཉམ་ཁུར་གནང་རྒྱུའི་ན་བཅའ་སྒྲིག་པ་ཡིན།
རྗེས་ནས་ཀུན་གྱིས་ངེད་གཉིས་ལ་དབྱང་གཉིས་ཐན་རྫས་(CO2)་ཞེས་འབོད་ཀྱིན་འདུག ད་དུང་འབོད་སྒྲ་དེ་ན་སྐད་སྙན་མོ་ཞིག་དང་དགོད་སྤྲོ་བ་ཞིག་གང་ཡང་མི་འདུག
དེ་བས། ང་དེ་ལ་བློ་དོགས་ཤིག་སྐྱེས་མོད། རྒྱུ་མཚན་འཚོལ་ཞིབ་ངས་ཀྱང་མ་བྱས། རྒྱུ་མཚན་ནི་དཀའ་ངལ་འཕྲད་མ་ཐག་དང་གྲོགས་པོ་སྒྲིག་མ་ཐག་ཡིན་པས་ཡིན།
འདི་ལྟར། ངེད་གཉིས་མུ་མེད་ཨ་སྔོན་ནས་མཉམ་འགྲོ་མཉམ་འདུག་དང་མཉམ་སྐྱིད་མཉམ་སྡུག ཡར་འཁྱམས་མར་འཁྱམས་ངང་བསྡད་པ་ཡིན།
ཐེངས་ཤིག་གི་གོ་ཐོས་སུ་ངས་རང་ཉིད་ཆོས་དངོས་གཞན་ཞིག་ཉེར་ལེན་དུ་གྱུར་ཡོད་པ་ཤེས་སོང་།
དེ་ནི་ང་རང་གྲོགས་པོ་སྲོག་རླུང་དང་འབྲེལ་འདྲིས་བྱས་བྱས་མཐར། དབྱང་གཉིས་ཐན་རྫས་ཀྱི་ངོ་བ་ལ་འཐིམས་ཚར་ཡོད་པ་དེ་རེད། ངས་བསམ་པར་མི་སྤྱི་ཚོགས་དང་རིག་གནས་ཀྱི་ཁྲོད་ལ་འཐིམས་ཚུལ་ཡང་འདི་ལྟར་མིན་ནམ་སྙམ།
གང་ལྟར། ཀུན་གྱིས་བཤད་སྲོལ་དང་བསྒྲགས་སྲོལ་ལ་དབྱང་གཉིས་ཐན་རྫས་(CO2)་ནི་འཇིགས་སྐུལ་རིག་ལུགས་པ་ལྟ་བུའི་ས་ཡི་གོ་ལ་འདི་མེ་རུ་སྲེག་རྩིས་བྱེད་པའི་ཚོགས་པའི་ནང་གི་སྟུག་སྟུག་པོ་དེ་རེད་ཟེར་གྱིན་འདུག
དེ་རྫུན་དང་ཁྱད་གསོད་ཡིན་ས་མ་རེད། དེ་ལ་ཁུངས་དང་ལུང་ཡོད་ས་རེད།
གང་ལྟར། ཅི་བྱ་གཏོལ་མེད་དུ་ང་རང་གྱུར་སོང་། ང་རང་དབྱང་གཉིིས་ཐན་རྫས་(CO2)་ཀྱི་ཉེར་ལེན་གྱི་རྒྱུ་རུ་གྲུབ་སོང་།
དུས་ད་ནི་ང་རང་ཁོ་དང་འབྲེལ་ཐབས་མི་འདུག་ལ་བྲལ་ན་རང་ཉིད་ཀྱི་དམ་བཅའ་ལ་ཡང་འགལ་བ་ཡིན།
དེ་བས། ཁོ་དང་བྲལ་རྒྱུ་ནི་མི་སྲིད་པ་ཞིག་རེད།
བསམ་ཡུལ་ལས་འདས་པ་ཞིག་ལ་ཆར་བ་འབབ་པའི་ཉིན་དེར། ངེད་གཉིས་ཆར་ནང་དུ་ལྷུང་སོང་།
ངེད་གཉིས་ཆར་བས་སྦངས་སོང་། ངེད་གཉིས་ཆར་བ་དང་མཉམ་དུ་ས་ཐོག་ཏུ་བབས་སོང་། རྩི་ཤིང་དང་ལྗོན་པ།
ལོ་ཏོག་དང་ཆུ་ཕྲན། ནེའུ་གསེང་དང་རི་ངོགས་སུ་བབས་སོང་། སྤྱིར་ཆར་བ་ནི་དེ་ཚོ་ལ་སྨན་པའི་ཞིམ་པོའི་ཟས་ཡིན་མོད།
འོན་ཀྱང་། ཐེངས་འདིའི་ཆར་བས་ཕན་ལས་གནོད་དྲགས་སོང་། རྩི་ཤིང་དང་ལྗོན་པ་སོགས་ཀྱི་སྐྱེས་སྟོབས་ཀྱི་ལང་ཚོ་ལ་འཚེ་སོང་།
གནོད་སོང་། ལོ་མ་སེར་བོར་བཏང་སོང་། བུ་ག་མང་བར་བཟོས་སོང་། མདོག་ངན་པར་བསྒྱུར་སོང་།
མདོར་ན། ཆུ་ཕྲན་གྱི་ཉ་མོ་ལ་ཡང་གནོད་སོང་། སྤང་ཁ་ཡི་མེ་ཏོག་ལ་ཡང་འཚེ་སོང་། རི་ངོགས་ཀྱི་འབུ་སྲིན་ལ་ཡང་གནོད་ཐལ།
ཞིང་ནང་གི་ལོ་ཏོག་ལ་ཡང་འཚེ་སོང་།
དེ་ཡི་གནད་ཀྱི་གཙོ་བོ་ནི་ཆར་བ་དེ་ན་ངེད་གཉིས་ཡོད་པས་རེད། ཆར་བ་དང་ངེད་གཉིས་མཉམ་དུ་སྲེས་ན་རྫས་རིགས་ཀྱི་འཕེལ་འགྱུར་བྱུང་ཏེ།
འབྲས་བུ་ལ་སྐྱུར་རྫས་ཁ་བོ་ཞིག་བཏོན་འོངས་བ་དེ་རེད། སྐྱུར་རྫས་དེ་ཚ་བ་དང་སྲེག་ནུས་པའི་ཁྱད་ཆོས་ལྡན།
སྐྱུར་རྫས་དེ་བཏོན་སྟངས་ནི་འདི་ལྟ་སྟེ། དབྱང་གཉིས་ཐན་རྫས་དང་ཆུ་འདྲེས་སྦྱོར་བྱས་ན་སྐྱུར་རྫས་བཏོན་བཞིན་ཡོད།
དེ་མ་ཟད་ད་དུང་། ངའི་ཉེར་ལེན་གྱི་སྟོབས་ཀྱིས་ནག་རྫས་(CO2)་ཀྱིས་ཉི་མའི་འོད་ཟེར་ན་ཐད་ཀར་སེམས་ཅན་ལ་ཕོག་ན་གནོད་ཅིང་འཚེ་འགྲོ་བའི་ཆ་ཤོས་དེ་འགོག་མཁན་གྱི་གོ་ལའི་བླ་བྲེ(Ozone
layer)་ཟེར་བ་དེ་འབུ་ཡིས་ཟ་ཟ་དང་ཉི་མའི་སྐམ་སྐམ་ལྟར་རྨག་མེད་དུ་བཟོས་བཞིན་ཡོད་པས།
ཉི་ཟེར་ལ་ཚ་དྲོག་སྔར་ལས་རྒྱས་ཏེ། སེམས་ཀྱི་ཁམས་བདེ་ལ་གནོད་ཅིང་རྩི་ཤིང་གི་སྐྱེས་འཕེལ་ལ་འཚེ་སོང་།
དེར་བརྟེན། སྐྱེས་ཁམས་དང་འབྱུང་བཞི་ཡི་སྙོམས་ཆ་འཁྲུགས་པ་དང་། སའི་གོ་ལའི་བྱང་སྣེ་དང་ལྷོ་སྣེ་ཡི་འཁྱགས་ཀློང་གི་ཆབ་རོམ་རྣམས་ཁད་ཀྱིས་བཞུར་ཏེ།
ཆུ་ཡི་འཇིགས་པ་བྱུང་བཞིན་ཡོད།
སྔར་བྱུང་གི་ཆུ་ཡི་འཇིགས་པ་དག་ལ་བསམ་བློ་ཞིག་བཏང་ན། དེ་དག་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་དང་བློ་ལ་བྲེད་ཤ་རྒྱག་པ་ཞིག་རེད་ཨང་།
དེ་འདྲའི་གོད་ཆག་དེ་ཡང་ངའི་ཉེར་ལེན་ལ་བརྟེན་ནས་བྱུང་ཞིང་། ང་ཡང་སློབ་མ་དེ་ཡིས་གང་བྱུང་དུ་ས་ལ་གཡུགས་རྐྱེན་གྱིས་དེ་ལྟར་བྱུང་སོང་བས།
དོན་གྱིས་སློབ་མ་དེ་ཡིས་ང་རང་ས་ལ་གང་བྱུང་དུ་གཡུགས་པ་དེ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་མཚོན་གྱིས་སྣུན་པ་དང་ཁྱད་པར་ཆེར་མི་འདུག་དྲན་སོང་།
འདི་ལྟར། ཕ་རོལ་ལ་གནོད་ཅིང་འཚེ་བཞིན་ངའི་ངོ་བོ་བརླག་སོང་། ང་རང་ཉིད་བོར་སོང་།
འདི་ལྟར། ང་རང་འབྱུང་བཞི་ཁམས་ལ་འཐིམས་སོང་། ཚར་སོང་། འཇའ་ཚོན་བཞིན་ཡལ་སོང་། ཕལ་ཆར་མི་ཞིག་སྐྱེས་ནས་འཆི་བ་ལྟར་ཡལ་སོང་།
No comments:
Post a Comment