ལྡུམར། (དང་པོ)
13/04/2013
དལ་མ་དལ་གྱིས་ཡར་ལ་ལངས།།
རྡོག་པ་ལྡུམ་རའི་ཕྱོགས་སུ་བསྒྱུར།།
ལོ་མའི་ཁམས་ཀྱི་ལྗང་གུ་དེ།།
བྲང་ལ་སྦྱར་ཏེ་སྨོན་ལམ་ནི།།
མེ་ཏོག་འཛུམ་གྱིས་ལྷུག་པོར་བཞད།།
མདའ་མཚོན་གོ་ཆའི་ཁ་དོག་མེད།།
ཡལ་འདབ་ངོས་ཀྱི་མཛེས་རིས་ནི།།
བདེ་བར་བགྲོད་སའི་ཐམ་སྐས་འདྲ།།
ས་ལ་ཡིད་འོང་མེ་ཏོག་འདེབས།།
ལྷུག་པའི་མེ་ཏོག་ཁ་བཀྲ་བ།།
གཞུང་རྟའི་སྲོག་གིས་ཀེར་རེར་བཀྱགས།།
ས་ཡིས་རུས་རྐང་སྦྱིན་པ་ན།།
མེ་ཏོག་མིག་ཀུན་ཡུལ་ན་མཛེས།།
ས་ལ་དབྱིངས་ཀྱི་མེ་ཏོག་འདེབས།།
ཕྱེ་ལེབ་སྦྲང་མ་བྱ་བྱིའུ་སོགས།།
འཁྲུག་པ་མུ་གེའི་ཆ་དང་བྲལ།།
རབ་ཏུ་དྭངས་བའི་བར་སྣང་ན།།
མཛེས་བའི་གཤོག་འགྱུར་ལྷབ་ལྷུབ་གཡོ།།
ས་ལ་སྨོན་པའི་གཤོག་འགྱུར་འདེབས།།
རྩ་ལྗང་ངོས་ཀྱི་མུ་ཏིག་དེ།།
སེམས་ཀྱི་སྟེང་གི་ཟིལ་བ་འདྲ།།
ཞོགས་པའི་ཉི་འོད་འཕྲོས་བའི་དུས།།
ཟིལ་བ་སྔར་ལས་འོད་དུ་འཚེར།།
ས་ལ་དྭངས་བའི་ཟིལ་བ་འདེབས།།
ཆུ་ཕྲན་གླུ་ཡི་ཁྲོད་དུ་བཞུར།།
རྩ་ཕྲན་མཉེས་ཏེ་གཡོན་ལ་ལོག།
དྭངས་ཤིང་གཙང་བའི་ཉམས་ལྡན་པ།།
ལྡུམ་རྭའི་ཡོངས་ཀྱི་མེ་ལོང་བྱེད།།
ས་ལ་དྭངས་བའི་མེ་ལོང་འདེབས།།
བསིལ་རླུང་བྲང་ལ་དྲི་ཞིམ་བཏགས།།
ལྡུམ་ར་ཡོངས་ལ་གཅིག་ཏུ་མཆེད།།
མེ་ཏོག་ལོ་མའི་མགོ་ལྕོག་ཀྱང་།།
རླུང་བུས་བྱིལ་བྱིལ་ཁྲོད་ན་འགུལ།།
ས་ལ་འཇམ་པའི་བསིལ་རླུང་འདེབས།
ལྡུམ་ར། (གཉིས་པ། )
ཕྱེ་མ་ལེབ་ཀྱི་གཤོག་ཟུང་ནི།།
ཁྲ་ཁྲ་མེ་ཏོག་སྟེང་ན་གཡོ།།
ཟེའུ་འབྲུ་སྟེང་གི་བ་སྤུ་རྣམས།།
ཕྱེ་ལེབ་སེམས་ཀྱི་འདོད་པ་ཉིད།།
ས་ལ་ལྟེ་བའི་ཟེའུ་འབྲུ་འདེབས།།
པདྨ་ཆུ་བོའི་ཁ་ན་མཛེས།།
ཉ་མོ་ཆུ་བོའི་ཞབས་ན་འཁྱུགས།།
ཆུ་བོའི་ཁ་གཏིང་གཉིས་ཀ་ནི།།
འཛུམ་པའི་གདོང་ལྟར་མཛེས་གྱུར་ན།།
ས་ལ་པདྨ་ཉ་མོ་འདེབས།།
ལྗོན་པ་ཀེར་རེར་དགུང་ལ་ཟུག།
མི་བུ་ཞིག་གི་སྒལ་ཚུགས་འདྲ།།
གྲོག་མ་ལྗོན་པའི་ཡང་རྩེར་འཛེགས།།
ཡང་ཡང་ས་ལ་ལྷུང་གྱུར་ཡང་།།
ས་ལ་ལོ་མའི་ཡང་རྩེ་འདེབས།།
གྲོག་མ་འབུ་སྲིན་རྩྭ་གསེབ་ན།།
སོ་སོ་ཉིད་ཀྱི་བདེ་བ་འཚོལ།།
ལན་རེར་རྩ་མགོར་འཛེགས་གྱུར་ཏེ།།
རྒྱང་རིང་གནས་ཀྱི་ལམ་ལ་ལྟ།
ས་ལ་ལམ་གྱི་རྒྱང་རིང་འདེབས།།
14/04/2013ཉིན།
ལྡུམ་ར། (གསུམ་པ)
གྲིབ་བསིལ་ལོ་མའི་འོག་ན་གནས།།
སོག་ལེ་ཁ་ཡིས་གཉིད་མི་སྟོབ།།
ཚ་བས་ལྗང་གུ་སྦར་བའི་ཚེ།།
ཐམས་ཅད་ལོ་མའི་ཁྱམས་སུ་འཚང་།།
ས་ལ་འཇམ་པའི་གྲིབ་བསིལ་འདེབས།།
སྦྲང་མའི་རྭ་ཅོ་མཉེན་མོ་དེ།།
ལྷམ་ལྷམ་གཡོ་བཞིན་རང་ལམ་འཚོལ།།
རྐང་ལག་ཕན་ཚུན་བརྡར་བརྡར་ཡིས།།
བར་སྣང་དབྱིངས་སུ་འཕུར་བར་བརྩམ།།
ས་ལ་ཡངས་བའི་ནམ་མཁའ་འདེབས།།
སྦུག་གུ་ནང་གི་ཆུ་ཐིགས་མཛེས།།
ས་ལ་སྒྲ་བཅས་ཐིགས་ཀྱིན་འདུག།
ཁང་བྱི་སྦུག་གུའི་ཐོག་ཏུ་བབས།།
ཐིགས་པས་དཀྲོལ་བའི་གཞས་ལ་གསན།།
ས་ལ་ཡེ་ཡི་གླུ་དབྱངས་འདེབས།།
ནགས་བྱི་རྔ་མ་ཀེར་རེར་རྒྱུགས།།
རྩྭ་ཡི་གསེབ་ནས་ཤིང་སྡོང་གི།
གྱེན་ལ་འཛེགས་ཏེ་རྩེ་མོར་བསྙེགས།།
རྣམ་རིག་རྒོད་པ་གློག་དང་འདྲ།།
ས་ལ་རྩྭ་ཡི་སྐྱེས་སྟོབས་འདེབས།།
འདབ་མ་ལ་ལ་ས་ལ་བབས།།
ལོ་མ་ལ་ལ་ཆུ་ན་འབབ།།
དེ་ཡང་སྙན་པའི་སྒྲ་དབྱངས་བཞིན།།
ལྡུམ་རའི་ཁྲོད་ན་ཧ་ཅང་མཛེས།།
ས་ལ་རྒུད་པའི་མཛེས་བ་འདེབས།།
ལྗོན་པའི་ཤུན་པ་ཛ་འཛོར་མང་།།
རེག་བྱ་ཀུན་ལ་ཧ་ཅང་རྩུབ།།
ལྗོན་པའི་ལྟེ་བའི་སྙིང་བོ་དེ།།
མིག་ལྡན་སུ་ཡིས་མཐོང་སོང་ངམ།།
ས་ལ་ལྗོན་པའི་སྙིང་བོ་འདེབས།།
མིང་ནི་ཅི་ཡིན་མི་ཤེས་བའི།།
བྱི་འུ་སྡོང་བའི་རྩེ་ནས་གྲགས།།
ཕུག་རོམ་མཁའ་ལ་སྤུར་བ་དང་།།
འདུ་ཁང་ཐོག་གི་དུང་སྒྲ་འདྲ།།
ས་ལ་བྱ་ཡི་འབོད་སྒྲ་འདེབས།།
15/04/2013ཉིན།
ལྡུམ་ར།(བཞི་པ)
འདབ་མའི་ཚོགས་རྣམས་བཀྲག་མདངས་ཀྱིས།།
ཟེའུ་འབྲུ་མཐའ་ན་ལྷན་དུ་འཛོམས།།
ཁྱོད་ལ་མེ་ཏོག་བརྗོད་པ་དང་།།
བྲལ་བ་རྣམས་ཀྱི་འདོད་པ་ཉིད།།
ས་ལ་མཛེས་པའི་འཛོམས་པ་འདེབས།།
ཡལ་ག་གཅིག་གིས་གཅིག་ལ་འཁྱུད།།
ལོ་མ་གཅིག་གིས་གཅིག་ལ་གཏད།།
ཡལ་ག་སྣོལ་བའི་ལོ་མའི་རྩེར།།
དམར་བའི་མདངས་ཀྱི་མེ་ཏོག་བཞད།།
ས་ལ་མེ་ཏོག་དམར་པོ་འདེབས།།
དབྱིབས་དང་ཁ་དོག་ཐ་དད་པ།།
ཁྲ་ཁྲ་མེ་ཏོག་ཧ་ཅང་མཛེས།།
བྱ་ཚོགས་ཡངས་པའི་མཁའ་ན་ལྡིང་།།
ལྡུམ་ར་ཉིད་ཀྱི་རྒྱན་དུ་མཛེས།།
ས་ལ་མེ་ཏོག་ཁྲ་ཁྲ་འདེབས།།
མེ་ཏོག་མེ་ཏོག་ཁྲོད་ན་བཞད།།
རྩྭ་ལྗང་རྩྭ་ལྗང་གསེབ་ན་སྐྱེས།།
ཡལ་ག་འཕྲེད་དུ་སྲེང་བ་སོགས།།
དཔྱིད་རླུང་ལྡིང་དུས་རང་རྣམ་མངོན།།
ས་ལ་ཁྱོད་ཀྱི་རང་རྣམ་འདེབས།།
ཚ་བ་ལོ་མའི་གདོང་གིས་བཀག།
འོག་ན་གྲིབ་བསིལ་རབ་ཏུ་མོད།།
ལོ་མ་ས་ལ་མ་ལྷུང་བར།།
ལོ་མས་གྲིབ་བསིལ་ནམ་དུ་སྦྱིན།།
ས་ལ་ལོ་མའི་ཁ་དོག་འདེབས།།
17/04/2013ཉིན།
ལྡུམ་ར། (ལྔ་པ།)
མེ་ཏོག་ལོ་མ་ཉི་མར་འཁོར།།
དེ་ཡི་གནས་ན་ནག་ཐིག་བྲལ།།
འོད་ཟེར་ལོ་མར་ཕོག་པ་ཡིས།།
ཁ་དོག་དྲི་ཞིམ་དེ་ཡིས་སྦྱིན།།
ས་ལ་ཉི་མའི་འོད་ཟེར་འདེབས།།
ཡལ་གའི་སྟེང་གི་མེ་ཏོག་མཛེས།།
བར་སྣང་ཁམས་ཀྱི་རྒྱན་ཆ་ཡིན།།
ས་ལ་བབས་པའི་མེ་ཏོག་ཀྱང་།།
ནགས་བྱི་རྣམས་ཀྱི་ཁ་ཟས་སོ།།
ས་ལ་མཛེས་པའི་སྙིང་པོ་འདེབས།།
ཡལ་ག་རྣམས་ཀྱིས་འབྲས་བུ་ཁུར།།
རྒྱན་ལྟར་ས་ལ་དཔྱངས་ནས་འདུག།
ཤིང་འབྲས་སྟེང་གི་ཁ་དོག་དང་།།
རི་མོ་ཁྲ་རིས་ཧ་ཅང་མཛེས།།
ས་ལ་ལྗོན་པའི་འབྲས་བུ་འདེབས།།
ཆུང་ཆུང་ལོ་མའི་སྟེང་དུ་ཡང་།།
ས་ཁྲ་ལྟ་བུ་བགྲོད་ལམ་མང་།།
ཕྲ་ཕྲ་རྩྭ་ཡི་རྩེ་ན་ཡང་།།
འཇིག་རྟེན་འདྲ་བའི་རྒྱ་ཁྱོན་གདའ།།
ས་ལ་ཆུང་བའི་ཆེན་པོ་འདེབས།།
ལོ་མ་ཡལ་གའི་གསེབ་གསེབ་ནས།།
འདབ་མའི་གདོང་ལ་ཉི་འོད་འཕྲོས།།
གཞོགས་ནས་མཐོང་བའི་ཉི་རྡུལ་རྣམས།།
ལྡུམ་རའི་དབྱིངས་ན་ལིང་ངེར་འགུལ།།
ས་ལ་ལྡུམ་རའི་ཉི་འོད་འདེབས།།
མགོ་བོ་ཡར་ལ་དགྱེས་པ་ན།།
ལོ་མའི་གསེང་ནས་མེ་ཏོག་མཐོང་།།
ཡལ་གའི་ཧྲག་ནས་ནམ་མཁའ་མཇལ།།
མེ་ཏོག་ནམ་མཁའ་རབ་ཏུ་མཛེས།།
ས་ལ་ལྡུམ་རའི་བར་སྣང་འདེབས།།
19/04/2013ཉིན།
ལྡུམ་ར། (དྲུག་པ)
ཆར་ཟིམ་ལྡུམ་རའི་དབྱིངས་ནས་བབས།།
ལོ་མའོ་ངོ་ཡི་ས་རྡུལ་དག།
མུ་ཏིག་ས་ལ་བབས་པ་ལྟར།།
ལོ་མའི་སྟེང་ན་རིལ་བུར་གནས།།
ས་ལ་ལོ་མའི་ཆར་ཐིགས་འདེབས།།
ཆར་ཟིམ་ལོ་མར་འབབ་པའི་ཚེ།།
ལོ་མས་སྙན་པའི་སྒྲ་དབྱངས་དཀྲོལ།།
དྭངས་བའི་ཆར་ཐིགས་ལོ་མ་ནས།།
ཁྲོམ་ཁྲོམ་རྩྭ་ཡི་སྐེད་ལ་ཐིགས།།
ས་ལ་ལོ་མའི་ཆར་སྒྲ་འདེབས།།
འདབ་མ་ཆར་ཟིམ་ཁྲོད་ན་འགུལ།།
སྟངས་སྟབས་བྲོ་ཡི་ཉམས་དང་འདྲ།།
ཆར་ཐིགས་འདབ་མར་བསྣན་པ་ན།།
འདབ་མ་སྔར་ལས་མིག་ལ་མཛེས།།
ས་ལ་འདབ་མའི་ཆར་ཐིགས་འདེབས།།
ལྗོན་པའི་རྩ་དང་རྩྭ་གསེབ་ནས།།
བྱི་འུ་འཕུར་མ་མཆོངས་ཀྱིས་བགྲོད།།
མཚམས་རེར་མགོ་བོ་བཀྱགས་བཀྱགས་ཀྱིས།།
ཡར་མར་གནས་ལ་ལྟ་ཞིང་ཉན།།
ས་ལ་ལྡུམ་རའི་བྱ་ཚོགས་འདེབས།།
21/04/2013ཉིན།
ལྡུམ་ར། (བདུན་པ)
ལྡུམ་རའི་དབྱིངས་ན་ཟླ་བ་གསལ།།
ཟླ་བ་ལོ་མའི་རྩེ་ནས་མཐོང་།།
ཟླ་འོད་ལོ་མར་འཕྲོས་པ་ན།།
ལྡུམ་རར་དངུལ་གྱི་ཁ་བ་བབས།།
ས་ལ་ལྡུམ་རའི་ཟླ་འོད་འདེབས།།
མཚན་མོའི་ལྡུམ་ར་ལྷིང་ཞིང་འཇགས།།
ཟླ་བ་གང་བས་ཤིན་ཏུ་མཛེས།།
ལྗོན་པའི་གསེབ་ཀྱི་འབུ་ཡི་སྒྲ།།
མཚན་མོར་གྱེར་བའི་གླུ་བའོ།།
ས་ལ་མཚན་མོའི་ལྡུམ་ར་འདེབས།།
No comments:
Post a Comment