སྒེའུ་ཁུང་ཕྱི་རོལ་ནས་ཆར་བ་བབས།
ང་ནང་ནས་གཉིད་ལ་ཤོར།
སྒེའུ་ཁུང་ཕྱི་རོལ་ནས་ཆར་བ་ཤག་ཤག་ཏུ་བབས
ང་ཉལ་ཐུབ་གོན་ནས་གཉིད་ལ་ཤོར
ཆར་བ་དྲག་རླུང་ལ་ཞོན་ཏེ་ཤག་ཤག་ཏུ་བབས
ལོ་མའི་འགྲམ་ལྕག་ལ་གཞུ་བའི་ཅལ་སྒྲ་ཐག་ཐག་ཏུ་གྲགས
འདབ་མའི་བྲང་གཞུང་ལ་རྡུང་བའི་སྟིག་སྒྲ་ཏིག་ཏིག་ཏུ་གྲགས
གྲོག་ཚང་བཤིགས་ཐལ
གྲོག་མ་ཁུར་སོང
བྱིས་པ་ཚོས་ཐང་ལ་བྲིས་བའི་རི་མོ་དེ་ཚོ་ཡང་ཡར་སྣོག་མར་སྣོག་བྱས་ཏེ་གཏོར་སོང
བྱིའུ་ཚང་ནང་གི་བྱིའུ་ཕྲུག་གིས་ཅི་བྱ
ལམ་འགྲོ་བ་དེ་ཡང་དེ་དགུང་ཁྱིམ་དུ་ལོག་ཐུབ་ཀྱི་མ་རེད
ཆར་བ་འདི་ནམ་ཞིག་ལ་འབབ་མཚམས་འཇོག་རྒྱུ་ཡིན་ནམ
སྒེའུ་ཁུང་ཕྱི་རོལ་ནས་ཆར་བ་ཤག་ཤག་ཏུ་བབས
ཡིན་ན་ཡང་། ང་རང་གིས་ཉལ་ཐུབ་གོན་ཏེ་གཉིད་ལ་ཤོར
འཇམ་སོབ་སོབ་ཀྱི་སྔས་འབོལ་ལ་བདེ་ལྕོག་ལྕོག་གི་མགོ་བོ་བསྔས་ཏེ
ལུས་ཡོངས་ལ་དྲོད་ཁོལ་གྱིས་ཁེངས
སེམས་ཡོངས་ལ་སྐྱིད་སྣང་གིས་འཁྱིལ་ཞོར
གྱོན་གོས་ཁྱབ་བསྒྲགས་ཀྱི་དུས་དེབ་ཅིག་ལ་ལྟོས
རླངས་པ་དལ་གྱིས་འཕྱུར་བཞིན་པའི་ཀོ་ཧེ་ཞིག་འཐུང
མཚམས་ལ་རེ་ཁ་ནས་གླུ་དབྱངས་ཐར་ཐོར་རེ་བླངས་ཏེ
ལག་གཡས་ཀྱི་གྲོད་ཁོག་གི་ངོས་ལ་ཕུར་ཕུར་ཡང་ལྷོད་ཀྱིས་བཏང་ཏེ་གཉིད་ལ་ཤོར
ང་ཉལ་ཐུབ་གོན་ནས་གཉིད་ལ་ཤོར
༠༩།༠༧།༢༠༡༣
No comments:
Post a Comment