ཕ་ཡུལ་ལ་སྐྱ་རེངས་མ་ཤར། དབྱར་ཁ་ཡང་མ་བཞད།
ས་རུབ་པ་ནས། ཕ་ཡུལ་ལ་སྐྱ་རེངས་ཤར་མ་མྱོང་།
དགུན་ཐོན་པ་ནས། ཕ་ཡུལ་ལ་དབྱར་ཁ་ཡང་བཞད་མ་མྱོང་།
ཇི་འདྲའི་སྨག་ནག་པའི་མཚན་མོ་རིང་པོ་ཞིག
ཇི་འདྲའི་ཙག་ཆེ་བའི་དགུན་ཟླ་རིང་མོ་ཞིག
ཡིན་ན་ཡང་། འཚོ་དགོས་པའི་གཏན་ཚིགས་སྲ་མོ་དེ་ཡིས
རི་བོ་དང་མེ་ཏོག རླུང་རྟ།
ཐ་ན་ལུ་གུ་ཆུང་ཆུང་དེ་ཚོ་ཡང་མེ་ལ་སྲེག་པར་བརྩམས
མེ་ལ་བསྲེགས་ཏེ་མཚན་སྨག་དང་བུ་ཡུག་ལ་རྒོལ་བ་བྱས
དེ་དག་ནི་སྐར་མདའ་ཞིག་དང་འདྲ་བར་ས་ལ་ཟགས་ན་ཡང
ཕ་ཡུལ་ལ་ད་དུང་སྐྱ་རེངས་ཤར་མེད
ཕ་ཡུལ་ལ་ད་དུང་མེ་ཏོག་བཞད་མེད
བར་སྐབས་དེར་ཉི་མ་དང་ཟླ་བ་ནི་ཇི་འདྲའི་ཁུ་སིམ་སིམ་ཞིག་རེད་ཨང
མཚན་སྨག་གིས་ཉིན་མོ་གྱོན་ནས་ཕ་ཡུལ་གྱི་སྒལ་ཚིགས་གཏོར་སོང་བ་ཡིན་ཙང
མཚན་སྨག་གིས་སོ་དཀར་བསྟན་ནས་ཕ་ཡུལ་གྱི་ནམ་ཟླ་བརྣོགས་སོང་བ་ཡིན་ཙང
ཙག་རླུང་གིས་ནམ་མཁའ་བསྒྲིབས་ཏེ་བར་སྣང་ལ་བསླུ་བྲིད་ཀྱི་ས་བོན་བཏབས་པ་སོང་ཙང
ཙག་རླུང་གིས་རི་ཆུ་ཡི་རྣམ་ཤེས་བརྐུས་ཏེ་འོ་མ་དང་གཙང་བོ་ཡི་ཁ་དོག་བསྒྱུར་བ་སོང་ཙང
No comments:
Post a Comment