ལག་མཐིལ་ལ་བྲིས་པའི་ཡི་གེ།
༼ཉུལ་རོ་རྡོག་སྒྲིལ།
༽
ཐོར་སོང་བའི་རྩྭ་ཉག་རེ་རེ་ངས་རྡོག་ཏུ་བཏུས་ཏེ
རང་ཚོད་ཀྱིས་ཕྱག་མ་ཆུང་ཆུང་ཞིག་བཟོས
གྲུ་ག་དང་ནག་ཐུག་ཡོད་ཚད་ལ་གད་བརྡར་བྱེད་དུས
ང་གཞི་ནས་འཁྲུས་ཁང་ནས་ཐོན་པ་དང་འདྲ་སོང
༼ལུགས་ལུགས་སྲ་བཟོ། ༽
འདམ་འབག་གིས་ང་ལ་ཇི་ལྟར་ལུགས་སུ་འགྲོ་དགོས་བར་བསྟན
དེ་རི་བོ་ལ་མི་གྲུབ་པའི་སེམས་ཀྱི་གཏན་ཚིགས་དེས
ཚ་ལམ་ལམ་གྱི་ཉིན་གུང་ཞིག་ལ
འདམ་འབག་གིས་རི་བོ་བརྩིགས
༼ ཉོབ་པ་སྨུག་དྭངས། ༽
ས་གཞི་ལ་སྨུག་པ་ཡིས་བཀབ་བྱུང
ཉོབ་སྣང་ཡང་དོན་གྱི་ཚོར་སྐྱེན་ཞིག
སྨུག་པ་དྭངས་བྱེད་ཀྱི་ལམ་གྱི་མཆོག་ནི
སྨུག་པ་ནས་མདུན་དུ་བསྐྱོད་པ་དེའོ
༼ལྷོད་པོ་ཚགས་དམ། ༽
སྒྱེ་ཁ་ལྷོད་སོང་བས་ནས་འབྲུ་ཐང་ལ་ཐོར
རྨི་ལམ་མེད་པའི་མཚན་མོ་ནི་ཇི་འདྲའི་ནག་ཅིང་འཁྱགས་པ་ལ
ཚགས་དམ་མ་དམ་གྱི་ཧེ་བག་གིས
ད་གཟོད་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཁྱད་པར་བྱུང
༼འདག་འདག་གྲིམ་པ། ༽
འཐེན་ཐུག་བདུར་ནས་འདག་འདག་ཆགས་སོང
སྙིང་སྟོབས་ཀྱི་གྲིམ་ཤ་མ་ལྷོད་ན
ད་དུང་། འཐེན་ཐུག་དང་རྒྱ་ཐུག
མོག་མོག་ལ་སོགས་ག་རེ་བཟོ་བཟོ་རེད
༢༠།༡༠།༢༠༡༣ དགོང་མོར།
No comments:
Post a Comment